ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དཀར་པོས་ཀྲུང་གོའི་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

025a1720ec2c42b8e437d4471c522b71.jpg

ཟླ་ལྔ་བའི་ཚེས་བཞི་ཉིན། ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས། ཨུ་རུ་སི་དཀར་པོའི་རྒྱལ་དམངས་གྲོས་ཁང་གི་གྲོས་ཁང་གོང་མའི་ཀྲུའུ་ཞི་མུས་ཡཱ་སི་ནེ་ཁི་ཝེ་ཆི་ཡིས་ཀྲུང་གོའི་གསར་འགོད་པའི་མཉམ་འབྲེལ་བཅར་འདྲི་དང་ལེན་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་དཀར་པོའི་རྒྱལ་དམངས་གྲོས་ཁང་གི་གྲོས་ཁང་གོང་མའི་ཀྲུའུ་ཞི་མུས་ཡཱ་སི་ནེ་ཁི་ཝེ་ཆི་ཡིས་ཚེས་བཞིའི་ཉིན་ཀྲུང་གོའི་གསར་འགོད་པའི་མཉམ་འབྲེལ་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཀྲུང་གོ་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་ཐད་ནས་མུ་མཐུད་དུ་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མུས་ཡཱ་སི་ནེ་ཁི་ཝེ་ཆི་ཡིས་བཤད་རྒྱུར། ཀྲུང་གོ་ནི་ཨུ་རུ་སི་དཀར་པོའི་བློ་གཏོད་རུང་བའི་གྲོགས་པོ་དང་འཐབ་ཇུས་གྲོགས་པོ་ཡིན། ཨུ་རུ་སི་དཀར་པོས་རྒྱལ་ཁབ་གཉིས་བར་གྱི་རྣམ་དག་གི་མཛའ་མཐུན་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གོའི་བར་གྱི་མཉམ་ལས་འཕེལ་རྒྱས་སུ་གཏོང་བ་ནི་ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་གྱི་ཐོག་མའི་ཁ་ཕྱོགས་ཡིན་ཟེར། ཁོས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་རྨང་གཞིའི་སྟེང་བཙུགས་ཡོད་ཅིང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་གྲོས་མོལ་དང་དཔལ་འབྱོར་ཉོ་ཚོང་། དངུལ་གཏོང་། མི་གཞུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། རྒྱལ་ཁབ་གཉིས་ཀྱི་རྒྱལ་སྤྱིའི་གནད་དོན་ཐད་ཀྱི་ལྟ་ཚུལ་གཅིག་འདྲ་ཡིན་ཞིང་། སུ་ཡིན་ཡང་འཛམ་གླིང་སྣེ་མང་ཅན་འཛུགས་པ་དང་། རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། ཞི་བའི་སྒོ་ནས་རྒྱལ་སྤྱིའི་འཁྲུག་རྩོད་དང་རྩོད་གླེང་ཐག་གཅོད་བྱེད་པའི་འདོད་བློ་བཅངས་ཡོད། ཕྱོགས་གཉིས་དང་ཕྱོགས་མང་བོའི་ཚོགས་ར་ནས་ཕན་ཚུན་ལ་གཞོགས་འདེགས་གང་ལེགས་བྱེད་བཞིན་ཡོད་ཟེར། རྒྱལ་ཁབ་གཉིས་ཀྱི་ཆུ་ཚད་མཐོ་བའི་ཆབ་སྲིད་གྲོས་མོལ་གྱིས་ཀྱང་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་འཕེལ་རྒྱས་ལ་ཡར་སྐུལ་བཏང་སྟེ། ཉེ་བའི་ལོ་འགའི་རིང་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ཡོད།

མུས་ཡཱ་སི་ནེ་ཁི་ཝེ་ཆི་ཡིས་བཤད་རྒྱུར། ཨུ་རུ་སི་དཀར་པོས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་རང་གི་འཕེལ་རྒྱས་ལ་འཆར་འགོད་བྱེད་འདོད་ཡོད་ཟེར། ཁོས་བལྟས་ན་མ་འོངས་པར་རྒྱལ་ཁབ་སོ་སོས་མཉམ་དུ་འཆར་འགོད་དང་འཕེལ་རྒྱས་མཐུན་སྦྱོར་བྱས་ན་ད་གཟོད་སྲུང་སྐྱོབ་རིང་ལུགས་དང་ཉོ་ཚོང་གི་བཀག་རྒྱ་སེལ་ཐུབ་པ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་མཉམ་ལས་སྤེལ་བར་དྲང་བདེན་གྱི་ཆ་རྐྱེན་བསྐྲུན་ཐུབ་པར་འདོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།