ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་སུའུ་ཏན་ལྷོ་མའི་འཁྲུག་རྩོད་ཛ་དྲག་ཏུ་གྱུར་པ་ནས་ཞི་བདེའི་འཕེལ་རིམ་ལ་གནོད་སྐྱེལ་ངེས་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་ལྷོ་མར་སྡོད་པའི་ཆེད་མངགས་ཚོགས་པས་ཚེས་ཉེར་བདུན་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཉེ་ལམ་སུའུ་ཏན་ལྷོ་མའི་ས་ཁུལ་ཁ་ཤས་སུ་དྲག་ཤུགས་འཁྲུག་རྩོད་ཛ་དྲག་ཏུ་གྱུར་པ་དེ་ལས་མི་སེར་སྟོང་ཕྲག་འགའ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་ལ་གནོད་པ་ཚབས་ཆེན་བཟོས་པ་དང་། རྒྱལ་ཁབ་དེའི་ཞི་བདེའི་འཕེལ་རིམ་འཇིགས་ཉེན་ལ་འཕྲད་ཡོད་ཟེར།

གསལ་བསྒྲགས་ནང་དུ་བཤད་རྒྱུར། ཀྲུང་ཁྲི་ཏའོ་དང་ཆུང་ལའེ། ལེན་ཧི་བཅས་ས་ཁུལ་གསུམ་ནས། རྒན་པ་དང་བྱིས་པ། བུད་མེད་དང་བཅས་པའི་མི་སེར་རྣམས་ལ་འཁྲུག་རྩོད་ཀྱི་གནོད་པ་ཐེབས་ཡོད། མིག་སྔར་དམར་གསོད་པ་དང་དྲག་ཤུགས། ཁང་པ་མེར་བསྲེགས་པ། སྨན་ཁང་དང་སློབ་གྲྭ་ནས་བཙན་འཕྲོག་བྱས་པ་སོགས་ཀྱི་དོན་རྐྱེན་བྱུང་བའི་གནས་ཚུལ་འབྱོར་བྱུང་སོང་། འཁྲུག་རྩོད་ཛ་དྲག་ཏུ་གྱུར་པས། འདས་པའི་གཟའ་འཁོར་གཉིས་ཀྱི་ནང་དུ་མི་ཆོས་རིང་ལུགས་ཀྱི་བྱ་བ་སྒྲུབ་མཁན་སུམ་ཅུ་ལྷག་གནས་གཞན་ལ་སྤོར་དགོས་བྱུང་། མི་སེར་སྟོང་ཕྲག་འགའ་བརླན་ས་དང་ནགས་ཚལ་གྱི་ཁྲོད་དུ་བྲོས་ལ། ཁོ་ཚོར་ཟས་རིགས་དང་ཆུ་གཙང་མ། སྨན་བཅོས་ཞབས་ཞུ་སོགས་ཀྱི་རོགས་སྐྱོར་དངོས་རྫས་ཧ་ཅང་མཁོ་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སུའུ་ཏན་ལྷོ་མའི་ལས་དོན་གྱི་དམིགས་བསལ་འཐུས་མི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་ལྷོ་མའི་ཆེད་མངགས་ཚོགས་པའི་འགན་ཁུར་པ་ཞི་ལེ་ཡིས་གསལ་བསྒྲགས་ནང་དུ་བསྟན་དོན། དྲག་ཤུགས་ཚབས་ཇེ་ཆེར་སོང་བ་དེས་མི་སེར་ལ་སྡུག་ཆེན་པོ་མྱངས་སུ་བཅུག་པ་མ་ཟད། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་བར་གནོད་ཚབས་ཆེན་བསྐྱལ། དེ་ཟླ་འགའི་སྔོན་ལ་བཀོད་པའི་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་དང་འགལ་ཡོད་ཟེར།

ཞི་ལེ་ཡིས་བཤད་རྒྱུར། མི་འགྱང་བར་བསྡུ་རྒྱུ་ཡིན་པའི་ཞི་བའི་གྲོས་མོལ་གསར་པ་དེ་སུའུ་ཏན་ལྷོ་མའི་ཕྱོགས་སོ་སོས་དམག་འཁྲུག་མཚམས་འཇོག་པའི་དམ་བཅས་པ་དང་འགྲིག་མཐུན་བྱེད་རྒྱུའི་འདུན་པ་ལ་རག་ལས་ཟེར། ཁོས་འཁྲུག་རྩོད་བྱེད་པའི་ཕྱོགས་སོ་སོས་མཚོན་ཆ་བསྐྱུར་ནས་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་བཞག་སྟེ། དུས་གཏན་གྱི་ཞི་བདེ་མངོན་འགྱུར་བྱེད་པར་མཉམ་དུ་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་ཧྥེ་རི་ཁ་ཤར་མའི་སྲིད་གཞུང་བར་གྱི་འཕེལ་རྒྱས་རྩ་འཛུགས་ཀྱིས་ཚེས་ཉེར་དྲུག་ཉིན་གསལ་བསྒྲགས་སྤེལ་ནས། ཟླ་བདུན་པའི་ཚེས་བཅུ་བདུན་ཉིན་ནས་ཉེར་གཅིག་ཉིན་བར་ཨེ་ཙི་ཨོ་ཕི་ཡའི་རྒྱལ་ས་ཡ་ཏེ་སི་ཡ་པེ་པ་ནས་སུའུ་ཏན་ལྷོ་མའི་ཞི་བའི་གྲོས་མོལ་སྐོར་ཐེངས་གཉིས་པ་སླར་གསོ་བྱེད་རྒྱུ་ཡིན་ཞེས་བཤད།

ཉིས་སྟོང་བཅུ་གསུམ་ལོའི་ལོ་མཇུག་ནས་བཟུང་། སུའུ་ཏན་ལྷོ་མའི་ཙུང་ཐུང་ཅི་ཨར་དང་སྔོན་ཆད་ཀྱི་ཙུང་ཐུང་གཞོན་པ་མཱ་ཧྲ་ཨར་བར་དུ་དབང་ཆ་རྩོད་རེས་བྱས་པ་ལས་སུའུ་ཏན་ལྷོ་མའི་རྒྱལ་ཡོངས་སུ་དྲག་ཤུགས་འཁྲུག་རྩོད་བྱུང་བར་མ་ཟད། མི་ཆོས་རིང་ལུགས་ཀྱི་མཇུག་འབྲས་ཚབས་ཆེན་བྱུང་། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཞི་པར། ཕྱོགས་གཉི་ག་མཉམ་དུ་མི་རིགས་མཐུན་སྒྲིལ་བར་བརྒལ་སྲིད་གཞུང་འཛུགས་པར་ཞུགས་ན་ཡང་། ཕྱོགས་གཉིས་ཀྱི་དམག་དཔུང་བར་དུ་ལོ་དེའི་ཟླ་བདུན་པར་ཡང་བསྐྱར་འཁྲུག་རྩོད་དྲག་པོ་བྱུང་བ་དང་། ད་བར་དུ་འཁྲུག་རྩོད་ད་དུང་མཚམས་བཞག་མེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།