ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱི་དཔོན་རིགས་ཀྱིས་ཡོ་རོབ་གླིང་གིས་ཟས་རིགས་ཆུད་ཟོས་སུ་གཏོང་བའི་གནད་དོན་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་འཕྲོད་བསྟེན་དང་ཟས་རིགས་བདེ་འཇགས་ཀྱི་འགན་ཁུར་བའི་ཨུ་ཡོན་ཨན་ཏི་ལིག་ཁའེ་ཏིས་སི་ཡིས་ཚེས་བཅུའི་ཉིན་རྒྱལ་སྤྱིའི་ཟས་རིགས་ཆུད་ཟོས་སུ་གཏོང་བའི་དཔྱད་གླེང་ཚོགས་ཆེན་སྟེང་གཏམ་བཤད་སྤེལ་ཏེ། ཡོ་རོབ་གླིང་གིས་ཚབས་ཆེ་བའི་ཟས་རིགས་ཆུད་ཟོས་སུ་གཏོང་བའི་གནད་དོན་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་།

ཨན་ཏི་ལིག་ཁའེ་ཏིས་སི་ཡིས་བཤད་རྒྱུར། ཡོ་རོབ་གླིང་གིས་ལོ་རེར་ཟས་རིགས་ཏུན་བྱེ་བ་བརྒྱ་དང་ས་ཡ་བརྒྱ་ཆུད་ཟོས་སུ་གཏོང་བཞིན་ཡོད་པ་དང་། ཧ་ལམ་ལོ་རེར་ཡོ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་བཞི་ཐེར་འབུམ་གསུམ་ཆུད་ཟོས་སུ་བཏང་བ་དང་འདྲ་མཚུངས་ཡིན་ལ། ཁ་གྲངས་དེ་ནི་ཧ་ལས་དགོས་པ་ཞིག་རེད་ཟེར།

ཁོས་ནན་གྱིས་བསྟན་དོན། ཆུད་ཟོས་སུ་བཏང་བའི་ཟས་རིགས་ཀྱི་བརྒྱ་ཆའི་བཞི་བཅུ་ནི་ཁྱིམ་ཚང་གིས་ཆུད་ཟོས་སུ་བཏང་བ་ཡིན་ཟེར། ཁོས་ད་རུང་ཞིང་བ་དང་ཐོན་སྐྱེད་ཚོང་བ་རེ་འགས་ཟས་རིགས་ལ་ལའི་ཕྱིའི་རྣམ་པ་མི་ལེགས་པས་གང་འདོད་དུ་འདོར་བར་སྐྱོན་བརྗོད་བྱས། ཞོག་ཁོག་ཆུང་བ་སོགས་ཀྱི་དབང་གིས་ཞིང་ཞོར་ཐོན་རྫས་མང་བོ་འདོར་བ་ནི་ཡིད་སྐྱོ་བའི་དོན་ཞིག་རེད། ཅི་ཞིག་ལ་དེ་དག་སློབ་གྲྭ་དང་དགེ་སྒྲུབ་ལས་ཁུངས་ལ་མི་སྟེར་བ་ཡིན་ནམ་ཟེར།

ཁོས་གྲོས་ཚོགས་ལ་ཞུགས་མཁན་ཚོར་གསལ་འདེབས་བྱས་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་དམིགས་འབེན་ནི་ཉིས་སྟོང་སུམ་ཅུའི་ལོར་མི་རེའི་ཆ་སྙོམས་ཟས་རིགས་ཆུད་ཟོས་སུ་བཏང་ཚད་ཕྱེད་ཙམ་ཇེ་ཉུང་དུ་གཏོང་རྒྱུ་དེ་ཡིན་ལ། དམིགས་འབེན་དེར་བསླེབ་དགོས་ན་ངེས་པར་དུ་ཟས་རིགས་མཁོ་འདོན་གྱི་ལས་རིམ་སོ་སོར་ནུས་ལྡན་བྱེད་ཐབས་སྤྱོད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།