ཀྲུང་གོ་བོད་ཀྱི་དྲ་བ།

ཨར་ཅི་རི་ཡཱའི་དམག་བཀོལ་གནམ་གྲུ་ཞིག་སར་ལྷུང་ནས་མི་ཉིས་བརྒྱ་དང་ང་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨར་ཅི་རི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེའི་སྔ་དྲོར་དམག་བཀོལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ལས་མི་ཉིས་བརྒྱ་དང་ང་བདུན་རྐྱེན་ལམ་དུ་ཤོར་ཡོད་ཟེར།

ཨར་ཅི་རི་ཡཱའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། དབྱེ་ཨར-76རྟགས་ཅན་གྱི་དམག་བཀོལ་སྐྱེལ་འདྲེན་གནམ་གྲུ་དེ་ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོའི་དུས་ཚོད་བདུན་དང་སྐར་མ་ལྔ་བཅུའི་སྟེང་ཨར་ཅི་རི་ཡཱའི་བྱང་ཕྱོགས་ཀྱི་པུའུ་ལེ་ཏཱ་ཞིང་ཆེན་གྱི་པུའུ་ཧྥ་ལི་ཁི་དམག་བཀོལ་གནམ་གྲུ་ཐང་ནས་འཕུར་རྗེས་ཅང་མ་འགོར་བར་ཉེ་འདབས་ཀྱི་ཞིང་སའི་ནང་ལྷུང་བ་རེད། མིག་སྔར་མི་ཉིས་བརྒྱ་དང་ང་བདུན་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ་བཅུ་འདུས། རྐྱེན་ལམ་དུ་ཤོར་བའི་མི་མང་ཆེ་བ་ནི་དམག་མི་དང་དེའི་ཁྱིམ་མི་རེད། འདས་པོའི་བེམ་པོ་དག་དམག་དོན་སྨན་ཁང་ཞིག་ཏུ་བསྐྱལ་ཡོད་པ་རེད།

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། གནམ་གྲུ་སར་ལྷུང་རྗེས་མེར་འབར་བ་དང་། དུད་ནག་ལྷོག་ལྷོག་འཕྱུར་བ་རྒྱང་རིང་ནས་མཐོང་ཐུབ་ཟེར། རྒུད་སྐྱོབ་སྡེ་ཁག་གིས་མེ་གསོད་རླངས་འཁོར་དང་མྱུར་སྐྱོབ་རླངས་འཁོར་བརྒྱ་ལྷག་མངག་ཡོད་པ་དང་། གནམ་གྲུ་སར་ལྷུང་སར་བཀག་སྡོམ་བྱས་ཡོད། ས་དེའི་བརྙན་འཕྲིན་གསར་འགྱུར་ལས་མངོན་པ་ལྟར་ན། མེ་བསད་ཡོད་པ་དང་གནམ་གྲུ་དེ་དུམ་བུ་འགར་ཆད་ཡོད་པ་རེད།

བསྒྲགས་པ་ལྟར་ན། ཨར་ཅི་རི་ཡཱའི་ཙུང་ཐུང་པུའུ་ཐི་ཧྥོ་ལེ་ཁཱ་ཡིས་ཉིན་དེར་འདས་པོའི་ཁྱིམ་མིར་འཚམས་འདྲི་བྱས། ཨར་ཅི་རི་ཡཱའི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་དང་རྒྱལ་ཁབ་མི་དམངས་དམག་དཔུང་གི་ཇུས་འདོན་དཔོན་པོའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཅཱ་དབྱེ་ཏི་སཱ་ལཱ་ཧི་གནམ་གྲུ་སར་ལྷུང་སར་སོང་བ་དང་། དམག་ཕྱོགས་ཀྱིས་རྟོག་ཞིབ་ཚན་ཆུང་བཙུགས་ནས་གནམ་གྲུ་སར་ལྷུང་བའི་རྒྱུ་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད།

གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། ཨར་ཅི་རི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅུ་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། ཉིན་དེ་ནས་བཟུང་རྒྱལ་ཡོངས་ནས་ཉིན་གསུམ་རིང་དམག་བཀོལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཁྲོད་ཀྱི་འདས་པོར་མྱ་ངན་ཞུ་རྒྱུ་ཡིན་ཟེར།

ཨར་ཅི་རི་ཡཱའི་ཙུང་ཐུང་པུའུ་ཐི་ཧྥོ་ལེ་ཁཱ་ཡིས་ཉིན་དེར་གསལ་སྒྲོག་ཅིག་ལས་འདས་པོའི་ཁྱིམ་མིར་འཚམས་འདྲི་བྱས་པར་མ་ཟད། རྒྱལ་ཡོངས་ནས་ཉིན་གསུམ་ལ་མྱ་ངན་ཞུ་རྒྱུ་ཁྱབ་སྒྲོག་བྱས། ཚེས་བཅུ་གསུམ་ཉིན་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོའི་མང་ཚོགས་ཀྱིས་ཕྱག་འཚལ་སྐབས་འདས་པོར་མྱ་ངན་ཞུ་བའི་ཆོ་ག་སྤེལ་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།