ཀྲུང་གོ་བོད་ཀྱི་དྲ་བ།

མའོ་སིང་པུས་ཁིའི་རྒྱལ་ས་ནས་རླངས་འཁོར་ཞིག་ཁ་ལོ་བྱེད་ཐབས་བྲལ་ནས་མི་ཚོགས་ལ་ཐོ་བརྒྱབ་སྟེ་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་སིང་པུས་ཁིའི་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། མའོ་སིང་པུས་ཁིའི་རྒྱལ་ས་མཱ་ཕུའུ་ཐའོ་ནས་ཉིན་དེར་རླངས་འཁོར་ཞིག་ཁ་ལོ་བྱེད་ཐབས་བྲལ་ནས་མི་ཚོགས་ལ་ཐོ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་ཅུ་ལྷག་ལ་རྨས་ཕོག་ཟེར།

ཉིན་དེའི་ཞོགས་པར་མཱ་ཕུའུ་ཐའོ་གྲོང་ཁྱེར་གྱི་ལུའུ་དབྱེ་སི་ཁཱ་པུའུ་ལཱ་ཨར་ས་ཁུལ་གྱི་གཞུང་ལམ་ཞིག་གི་སྟེང་རླངས་འཁོར་ཞིག་ཁ་ལོ་བྱེད་ཐབས་བྲལ་ནས་ལམ་འགྲམ་དུ་སྤེལ་བཞིན་པའི་ཕྱི་རོལ་འདུ་ཚོགས་ཀྱི་མི་ཚོགས་ལ་ཐོ་བརྒྱབ་སྟེ། རླངས་འཁོར་ཁ་ལོ་བ་དང་བཅས་པའི་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སུམ་ཅུ་ལྷག་ལ་རྨས་ཕོག

འགྲིམ་འགྲུལ་སྡེ་ཁག་གི་འགན་ཁུར་བས་བཤད་རྒྱུར། དོན་རྐྱེན་བྱུང་བའི་རླངས་འཁོར་དེ་ནི་རླངས་འཁོར་ཆུང་བ་ཞིག་ཡིན་པ་དང་། བསྟུད་མར་འགོག་དངོས་མང་བོར་ཐོ་བརྒྱབ་རྗེས་རླངས་འཁོར་ལ་ཆག་སྐྱོན་ཚབས་ཆེན་བྱུང་། མིག་སྔར་དོན་རྐྱེན་དེའི་འབྱུང་རྐྱེན་གསལ་བོར་མི་ཤེས་ཟེར།

དོན་རྐྱེན་བྱུང་སའི་གནས་ཚུལ་དངོས་སུ་མཐོང་མཁན་ཞིག་གིས་བཤད་རྒྱུར། དོན་རྐྱེན་བྱུང་བའི་རླངས་འཁོར་དེའི་ཁ་ལོ་བས་ཆང་འཐུང་ཡོད་པ་འདྲ་ལ། ཉེ་འདབས་སུ་ཆང་འཐུང་མིན་ལ་ཞིབ་བཤེར་བྱེད་པའི་ཉེན་རྟོག་པར་ཡོལ་རྩིས་བྱེད་སྐབས་རླངས་འཁོར་ཁ་ལོ་བྱེད་ཐབས་བྲལ་བའི་གནས་ཚུལ་བྱུང་བ་རེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།