ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་དང་ཨ་མེ་རི་ཁས་སི་རི་ཡཱའི་བྱང་ཕྱོགས་ནས་བདེ་འཇགས་ས་ཁུལ་བཙུགས་ཀྱང་ཏི་ལེ་སིན་གྱིས་ལས་འགན་བསྐྱུར་བ་ལས་གྲོས་མཐུན་ལག་བསྟར་བྱེད་པར་འགོར་འགྱངས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱི་མགྲིན་ཚབ་པས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁས་དམ་བཅའ་བརྩི་སྲུང་བྱས་ཏེ། སི་རི་ཡཱའི་མངའ་ཁོངས་ཀྱི་ཁུའུ་ཨར་ཏི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་བྱང་ཕྱོགས་ཀྱི་གྲོང་རྡལ་མན་པུས་ཅི་དང་འབྲལ་དུ་བཅུག་ན། ཐུར་ཁེ་ཡིས་ཨ་མེ་རི་ཁ་དང་མཉམ་དུ་མན་པུས་ཅིའི་ཉེ་འཁོར་ནས་བདེ་འཇགས་ས་ཁུལ་འཛུགས་རྒྱུ་ཡིན་ཟེར།

མན་པུས་ཅི་གྲོང་རྡལ་དེ་སི་རི་ཡཱ་དང་ཐུར་ཁེའི་མཐའ་མཚམས་སུ་ཉེ་བ་དང་། ཨ་ཧྥུའུ་ལིན་ཤར་ངོས་ཀྱི་སྤྱི་ལེ་བརྒྱའི་མཚམས་སུ་ཡོད། ཨ་མེ་རི་ཁའི་དམག་དཔུང་གནས་དེར་བཅའ་སྡོད་བྱས་ནས་མི་དམངས་སྲུང་སྐྱོབ་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བར་རོགས་རམ་བྱེད་བཞིན་ཡོད།

མི་དམངས་སྲུང་སྐྱོབ་དམག་དཔུང་ནི་ཨ་མེ་རི་ཁའི་སི་རི་ཡཱའི་མནའ་མཐུན་གྲོགས་པོ་ཡིན་ཡང་། ཐུར་ཁེ་ཡིས་དྲག་ཆས་ཚོགས་ཁག་དེ་ཐུར་ཁེའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་ཁུའུ་ཨར་ཏི་བཟོ་བའི་ཏང་གི་ཡན་ལག་ཏུ་ངོས་བཟུང་ནས་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་བཞག་ཡོད།

ཐུར་ཁེ་ཡིས་དེའི་སྔོན་ཐེངས་མང་བོར་ཨ་མེ་རི་ཁས་མི་དམངས་སྲུང་སྐྱོབ་དམག་དཔུང་གི་རོགས་སྐྱོར་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ་དང་། ཞོར་དུ་མན་པུས་ཅི་ནས་ཨ་མེ་རི་ཁའི་མི་སྣ་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན། ཐུར་ཁེ་ཕྱོགས་ཀྱིས་དཔུང་འཇུག་གི་རྒྱ་ཇེ་ཆེར་བཏང་ནས་མི་དམངས་སྲུང་སྐྱོབ་དམག་དཔུང་མན་པུས་ཅི་ནས་མཐར་སྐྲོད་གཏོང་རྒྱུའི་ཉེན་བརྡ་བཏང་།

ཐུར་ཁེ་དང་ཨ་མེ་རི་ཁས་ཉེ་སྔོན་མན་པུས་ཅིའི་གནད་དོན་ཐད་ནས་གྲོས་མོལ་བྱས་པར་གྲུབ་འབྲས་ངེས་ཅན་ཐོབ་ཡོད། ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་དེའི་སྔོན་བཤད་རྒྱུར། ཐུར་ཁེ་དང་ཨ་མེ་རི་ཁས་མཉམ་འབྲེལ་གྱིས་མན་པུས་ཅི་ལ་སྐོར་ཞིབ་བྱེད་པར་གྲོས་འཆམ་བྱུང་ཡོད་ལ། མི་དམངས་སྲུང་སྐྱོབ་དམག་དཔུང་དེ་མན་པུས་ཅི་ནས་ཕྱིར་འཐེན་བྱེད་ངེས་རེད་ཟེར། ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་སྐབས་ཐོག་དེར་བཤད་རྒྱུར། ཁོས་ཟླ་འདིའི་ཚེས་བཅུ་དགུའི་ཉིན་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་དང་གྲོས་མོལ་བྱས་ཏེ། འབྲེལ་ཡོད་གནད་དོན་ལ་ཞིབ་ཏུ་གྲོས་བསྡུར་བྱེད་རྒྱུ་ཐག་བཅད་ཡོད་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཏིས་ལེ་སིན་གྱི་རྒྱལ་སྲིད་བློན་ཆེན་གྱི་ལས་འགན་བླངས་ནས་ཀྲུང་དབྱང་གསང་འཕྲིན་ཅུའུ་ཡི་ཅུའུ་ཀྲང་མེད་ཁི་ཕིན་ཕའེ་ཨོ་ལ་འགན་ཁུར་དུ་འཇུག་རྒྱུ་ཁྱབ་སྒྲོག་བྱས་པས། ཐུར་ཁེ་དང་ཨ་མེ་རི་ཁའི་གྲོས་མོལ་སྣང་ཚུལ་ལ་འགྱུར་ལྡོག་བྱུང་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།