ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་ཐེབས་ཏེ་བདེ་འཇགས་མི་སྣ་བཅོ་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་དཔོན་རིགས་ཀྱིས་ཚེས་དགུའི་ཉིན་གསར་འགྱུར་ལས་རིགས་ལ་བདེན་དཔང་བྱས་དོན། ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་ཐཱ་ཧཱ་ཨར་ཞིང་ཆེན་གྱི་ཞིབ་བཤེར་ས་ཚིགས་ཤིག་ལ་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་བདེ་འཇགས་མི་སྣ་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་བཞི་ལ་རྨས་ཕོག་ཟེར།

ཐཱ་ཧཱ་ཨར་ཞིང་ཆེན་གྱི་ཉེན་རྟོག་ཕྱོགས་ཀྱི་འགན་ཁུར་བ་ཨ་ཞི་ཨར་གྱིས་བསྟན་དོན། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་དེ་ཚེས་བརྒྱད་ཉིན་གྱི་དགོང་མོར་བྱུང་བ་དང་། འཇབ་རྒོལ་ཐེབས་པའི་ཞིབ་བཤེར་ས་ཚིགས་དེ་ཐཱ་ཧཱ་ཨར་ཞིང་ཆེན་གྱི་ཧཱ་ཅཱ་ཅཱ་ཨར་ས་ཁུལ་དུ་ཡོད། རྐྱེན་ལམ་དུ་ཤོར་བའི་བདེ་འཇགས་མི་སྣ་བཅོ་བརྒྱད་ཁྲོད་ས་དེའི་ཉེན་རྟོག་པ་བཅུ་དང་། རྒྱལ་དམངས་དམག་དཔུང་གི་དམག་མི་བརྒྱད་འདུས་ཟེར།

ཐཱ་ལེ་པན་རྩ་འཛུགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་ཡོད།

དེ་ནི་ཐཱ་ཧཱ་ཨར་ཞིང་ཆེན་དུ་ཉེ་སྔོན་ཐེབས་པའི་ཆེས་ཚབས་ཆེ་བའི་འཇབ་རྒོལ་དོན་རྐྱེན་ཞིག་ཡིན་པ་དང་། ཕྱོགས་གཉིས་ཀྱིས་འཁྲུག་རྩོད་བྱས་ཏེ་དུས་ཚོད་གསུམ་ཙམ་འགོར་ཡོད་ལ། ཉུང་མཐར་ཡང་དྲག་ཆས་ཉེས་ཅན་བཅུ་བསད་ཡོད། ཚེས་དགུ་ཉིན་གྱི་ཞོགས་པར་དྲག་ཆས་མི་སྣར་མཐར་སྐྲོད་བཏང་བ་དང་། ཞིབ་བཤེར་ས་ཚིགས་དེའི་རྒྱུན་ལྡན་གྱི་བྱ་བ་སླར་གསོ་བྱུང་བ་རེད།

ཨ་ཧྥུའུ་ཧན་གྱི་དབུ་བཞུགས་ལག་བསྟར་དཔོན་པོ་ཨ་པུའུ་ཏུའུ་ལཱ་ཡིས་ཚེས་དགུའི་ཉིན་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་དང་། འཁྲུག་རྩོད་ཁྲོད་རང་སྲོག་བློས་བཏང་བའི་བདེ་འཇགས་མི་སྣར་མྱ་ངན་ཞུས།  །

 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།