ཀྲུང་གོ་བོད་ཀྱི་དྲ་བ།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་གསུམ་པར་ཐུན་མོང་གི་འགུལ་སྐྱོད་ལ་བརྟེན་ནས་རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོབ་ཀྱི་འགུལ་སྐྱོད་ལེགས་བཅོས་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་འདིའི་རེས་སྐོར་ཀྲུའུ་ཞི། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཧི་ལན་གྱི་འཐུས་མི་ཨོ་སི་ཐི་ལོ་མུའུ་ཡིས་ཚེས་གཅིག་ཉིན་བསྟན་དོན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་གསུམ་པའི་བྱ་བའི་གཙོ་གནད་ནི་ཇི་ལྟར་ཐུན་མོང་འགུལ་སྐྱོད་ལ་བརྟེན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་ཀྱི་འགུལ་སྐྱོད་ལེགས་བཅོས་བྱེད་རྒྱུ་དེ་ཡིན་ཟེར།

ཨོ་སི་ཐི་ལོ་མུའུ་ཡིས་ཉིན་དེར་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་འདིར་ཨ་ཧྥུའུ་ཧན་གྱི་གནད་དོན་དང་འབྲེལ་བའི་ཡོངས་བསྒྲགས་དཔྱད་གླེང་ཚོགས་འདུ་ཞིག་བསྡུ་རྒྱུ་ཡིན་ཞིང་། ཚོད་དཔག་བྱས་པ་ལྟར་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥུའུ་ཧན་རོགས་སྐྱོར་ཚོགས་པའི་འགན་ཡུན་ཇེ་རིང་དུ་གཏོང་བར་འབྲེལ་བའི་གྲོས་ཆོད་ཅིག་འགོད་རྒྱུ་རེད་ཟེར།

ཨོ་སི་ཐི་ལོ་མུའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། སི་རི་ཡཱའི་གནས་བབ་ནི་སྔར་བཞིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་འདིར་དོ་སྣང་བྱེད་པའི་གནད་ས་ཡིན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིས་ཟླ་འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཏི་མུས་སི་ཐུའུ་ལཱའི་སི་རི་ཡཱའི་གནས་བབ་དང་འབྲེལ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་རྒྱུ་རེད།

ཨོ་སི་ཐི་ལོ་མུའུ་ཡིས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་འདིར་ད་རུང་ཁོང་གོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་གནས་བབ་ལ་དམིགས་ཏེ་གྲོས་ཚོགས་བསྡུ་རྒྱུ་ཡིན་པ་དང་། དེའི་ནང་གནས་བབ་སྙན་ཞུ་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གྱི་གཏན་འཇགས་ཆེད་མངག་ཚོགས་པའི་འགན་ཡུན་ཇེ་རིང་དུ་གཏོང་བའི་གྲོས་ཆོད་ལ་གྲོས་བསྡུར་བྱས་ནས་གྲོས་མཐུན་འགོད་པ་འདུས་ཡོད། དེ་ལས་གཞན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ད་རུང་ཡང་བསྐྱར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་ལྷོ་མའི་ཆེད་མངག་ཚོགས་པའི་འགན་ཡུན་ཇེ་རིང་དུ་གཏོང་བར་གྲོས་བསྡུར་བྱེད་རྒྱུ་མ་ཟད། དྲུང་ཡིག་ཆེན་མོའི་སུའུ་ཏན་ལྷོ་མར་ས་ཁོངས་སྲུང་སྐྱོབ་དམག་དཔུང་བཀོད་སྒྲིག་བྱེད་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་རྒྱུ་རེད།

ཟླ་གསུམ་པའི་ཚེས་གཅིག་ཉིན་ནས་བཟུང་། ཧི་ལན་གྱིས་ཁི་ཝེ་ཐིའི་ཚབ་ཏུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་འདིའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།