ཀྲུང་གོ་བོད་ཀྱི་དྲ་བ།

རོང་ཁི་ཡིས་པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་དག་ལ་ཡོ་རོབ་གླིང་མནའ་འབྲེལ་དུ་གོ་གནས་ངེས་ཅན་ཡོད་དགོས་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་ཡིས་ཟླ་གསུམ་པའི་ཚེས་གཅིག་ཉིན་པུར་ཀ་རི་ཡཱའི་རྒྱལ་ས་སོ་ཧྥེ་ཡཱ་ནས་བསྟན་དོན། པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་དག་ལ་ཡོ་རོབ་གླིང་མནའ་འབྲེལ་དུ་གོ་གནས་ངེས་ཅན་ཡོད་དགོས་ཟེར།

རོང་ཁི་ཡིས་ཉིན་དེར་པུར་ཀ་རི་ཡཱའི་ཙུང་ལི་པའོ་ལི་སུའུ་ཧྥུའུ་དང་མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཁོས་པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་ལ་འཚམས་འདྲི་བྱས་ནས་ཅང་འགོར་མེད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་དག་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པ་ལུགས་མཐུན་ཡིན་པར་ཡིད་ཆེས་སྔར་ལས་ཆེན་པོ་ཡོད་ལ། རྒྱལ་ཁབ་དེ་དག་ལ་ཡོ་རོབ་གླིང་མནའ་འབྲེལ་དུ་གོ་གནས་ངེས་ཅན་ཡོད་དགོས་ཟེར།

རོང་ཁི་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་དག་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་རེ་འདུན་མངོན་འགྱུར་བྱེད་པར་བརྩོན་བཞིན་ཡོད་པ་དང་། རྒྱལ་ཁབ་དེ་དག་གིས་ཀྱང་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་རྗེས་སྤྱི་ཚོགས་དང་དཔལ་འབྱོར་ལ་དགོས་ངེས་ཀྱི་བཅོས་བསྒྱུར་བྱེད་པའི་རེ་འདུན་བསྟན་ཡོད་ཟེར།

རོང་ཁི་ཡིས་ནན་གྱིས་བསྟན་དོན། པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་དག་གིས་རྩ་འཛུགས་ཡོད་པའི་ནག་ཉེས་དང་རུལ་སུངས་ལ་ཆམ་ཕབ་གཏོང་བའི་གནད་དོན་ཐད་འབད་འབུངས་བྱེད་པའི་ཞོར་དུ་ཕན་ཚུན་བར་གྱི་ས་ཁོངས་རྩོད་གླེང་ཐག་གཅོད་བྱེད་དགོས་ཟེར།

རོང་ཁི་ཡིས་བཤད་རྒྱུར། ཟླ་ལྔ་བར་སོ་ཧྥེ་ཡཱ་ནས་སྤེལ་རྒྱུ་ཡིན་པའི་ཡོ་རོབ་གླིང་མནའ་འབྲེལ་དང་པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སྟེང་། ཡོ་རོབ་གླིང་མནའ་འབྲེལ་རྒྱ་བསྐྱེད་པ་དང་། གནས་སྤོར་སྡོད་དམངས། དཔལ་འབྱོར་གཞི་གཅིག་ཅན། དེ་མིན་ཡོ་རོབ་གླིང་གི་མ་འོངས་པ་སོགས་གྲོས་གཞི་གཙོ་བོར་འགྱུར་ངེས་རེད་ཟེར།

པའོ་ལི་སོ་ཧྥུའུ་ཡིས་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། པུར་ཀ་རི་ཡཱ་ཡིས་པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་དག་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་རྒྱབ་སྐྱོར་བྱེད་པ་ནི་ས་ཁུལ་དེའི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། ས་ཁུལ་དེའི་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་བྱེད་པ། གཅིག་བརྟེན་མཉམ་འབྲེལ་དང་ཐུན་མོང་འཕེལ་རྒྱས་ལ་ཤུགས་སྣོན་བྱེད་པའི་ཆེད་དུ་ཡིན་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།