ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་དྲུང་ཡིག་ཆེན་མོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་རླངས་འཁོར་ལ་མཱ་ལི་ནས་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་སོ་སོར་གསར་འགྱུར་ལས་རིགས་ལ་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་ཕྱོགས་བསྡུས་གཏན་འཇགས་ཆེད་མངག་ཚོགས་པའི་དམག་བཀོལ་རླངས་འཁོར་ལ་ཉིན་དེར་མཱ་ལིའི་དབུས་ཕྱོགས་ཀྱི་མའོ་ཕུའུ་ཐིས་ས་ཁུལ་ནས་འགས་གཏོར་འཇབ་རྒོལ་ཐེབས་ཏེ་མི་སྣར་ཤི་རྨས་ཚབས་ཆེན་བཟོས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གིས་བདེན་དཔང་བྱས་པ་ལྟར་ན། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལས་ཞི་བདེ་སྲུང་སྐྱོབ་མི་སྣ་བཞི་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་ཞི་བདེ་སྲུང་སྐྱོབ་མི་སྣ་བཞི་ལ་རྨས་ཕོག་ཡོད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མས་ཚེ་ལས་འདས་པའི་དམག་མིའི་ཁྱིམ་མི་དང་བྷང་ག་ལཱའི་སྲིད་གཞུང་། དེའི་མི་དམངས་བཅས་ལ་སྙིང་ཐག་པ་ནས་འཚམས་འདྲི་བྱེད་བཞིན་ཡོད་པར་མ་ཟད། མཱ་ལིའི་སྲིད་གཞུང་གིས་མྱུར་མོར་འཇབ་རྒོལ་དོན་རྐྱེན་དེར་རྟོག་ཞིབ་བྱས་ཏེ། འཇབ་རྒོལ་བྱེད་མཁན་གྱི་ཉེས་ཅན་དེ་ཁྲིམས་ལ་སྦྱོར་དགོས་པའི་སྐུལ་མ་བཏང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣར་དམིགས་པའི་འཇབ་རྒོལ་དོན་རྐྱེན་དེས་འཐབ་འཁྲུག་གི་ཉེས་པ་གྲུབ་ཡོད་ཟེར།

ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཀྱང་ཁོའི་གསར་འགྱུར་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། མཱ་ལི་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱོགས་བསྡུས་གཏན་འཇགས་ཚོགས་པའི་དམག་བཀོལ་རླངས་འཁོར་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་། ཀུའུ་ཐི་ལོས་སི་ཡིས་འདས་པོའི་ཁྱིམ་མི་དང་བྷང་ག་ལཱའི་སྲིད་གཞུང་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས་པར་མ་ཟད། མཱ་ལིའི་འཁྲུག་རྩོད་ཕྱོགས་ཁག་སོ་སོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣར་དམིགས་པའི་འཇབ་རྒོལ་གང་ཡིན་ཡང་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་ཉེས་སྤྱོད་ཡིན་པའི་གསལ་འདེབས་བྱས་པ་དང་། ཁོས་མཱ་ལིའི་དབང་འཛིན་ལས་ཁུངས་ཀྱིས་མྱུར་མོར་དོན་རྐྱེན་བཟོ་མཁན་ཁྲིམས་ལ་སྦྱོར་དགོས་པའི་སྐུལ་མ་བཏང་།

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། བརྡར་མའི་བྱ་སྤྱོད་དེ་རིགས་ཀྱིས་མཱ་ལིའི་ཕྱོགས་བསྡུས་གཏན་འཇགས་ཚོགས་པས་མཱ་ལིའི་དབང་འཛིན་ལས་ཁུངས་ཀྱིས་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པའི་ཐད་རྒྱབ་སྐྱོར་བྱེད་པར་བར་ཆད་ཐེབས་མི་སྲིད་ལ། མཱ་ལིའི་མི་དམངས་ཀྱིས་ཞི་བདེ་དང་གཏན་འཇགས་བརྩོན་ལེན་བྱེད་པའི་ཆོད་སེམས་ཉམས་མི་སྲིད་ཟེར།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།