ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཉི་ཞི་ཡཱའི་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་ལོག་ནས་ཉུང་མཐར་ཡང་མི་ཉེར་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧིན་རྡུ་ཉི་ཞི་ཡཱའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཧིན་རྡུ་ཉི་ཞི་ཡཱའི་བཀྲའ་ཝ་ཞིང་ཆེན་གྱི་སུའུ་ཧིན་རྫོང་ནས་ཚེས་བཅུ་ཉིན་གྱི་ཕྱི་དྲོར་གནས་སྐོར་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་ལོག་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་ཉེར་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་བཅོ་བརྒྱད་ལ་རྨས་ཕོག དེའི་ནང་མི་བརྒྱད་ཀྱི་རྨས་སྐྱོན་ཚབས་ཆེན་རེད་ཟེར།

སུའུ་ཧིན་རྫོང་གི་ཉེན་རྟོག་དཔོན་རིགས་ཀྱིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། དོན་རྐྱེན་དེ་ཉིན་དེའི་ཕྱི་དྲོའི་དུས་ཚོད་ལྔའི་ཡས་མས་སུ་བྱུང་བ་དང་། སྐབས་ཐོག་དེར་ཧིན་རྡུ་ཉི་ཞི་ཡཱའི་ཝན་ཏན་ཞིང་ཆེན་གྱི་ཐང་ཀི་ལིང་གྲོང་ཁྱེར་ནས་ཡོང་བའི་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་ལམ་དུ་བགྲོད་སྐབས་ཐུར་ལམ་གྱི་དཀྱོགས་མཚམས་ཤིག་ནས་གློ་བུར་དུ་ཁ་ལོ་བྱེད་ཐབས་བྲལ་ནས་ལོག་པ་རེད་ཟེར།

ཉེན་རྟོག་ཕྱོགས་ཀྱིས་མཚམས་སྦྱོར་བྱས་དོན། འགྲུལ་སྐྱེལ་རླངས་འཁོར་ཆེ་བ་དེ་མ་ལོག་གོང་འཕྲུལ་རྟ་ཞིག་དང་ལམ་འགྲམ་གྱི་ལམ་བྱང་མང་བོར་ཐོ་བརྒྱབ་པ་རེད། ས་དེའི་ཉེན་རྟོག་པ་དང་རྒུད་སྐྱོབ་ལྟེ་གནས། སྨན་ཁང་། དང་བླངས་པ་བཅས་ཀྱིས་གྲུབ་པའི་རྒུད་སྐྱོབ་རུ་དཔུང་ཡུལ་དངོས་སུ་འབྱོར་ནས་རྒུད་སྐྱོབ་བྱས། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེ་ནི་འགྲུལ་སྐྱེལ་རླངས་འཁོར་གྱི་འགག་ཟྭར་ཆག་སྐྱོན་བྱུང་བ་ལས་ཡིན་པར་དོགས་པ་ཟ་བཞིན་ཡོད་ལ། བྱེ་བྲག་གི་རྒྱུ་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

ཧིན་རྡུ་ཉི་ཞི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་བཤད་རྒྱུར། མིག་སྔར་ཀྲུང་གོའི་སྤྱི་དམངས་ལ་ཐེངས་འདིའི་དོན་རྐྱེན་ཁྲོད་ཤི་རྨས་བྱུང་བའི་གནས་ཚུལ་འབྱོར་མེད་ལ། གཞུང་ཚབ་ཁང་གིས་དཔྱད་ཞིབ་ཞིབ་ཏུ་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།