རྒྱ་གར་གྱི་ཙུང་ལི་ཡིས་ཕཱ་ལེེ་སི་ཐན་རྒྱལ་ཁབ་ལ་འཚམས་འདྲི་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཚེས་བཅུའི་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་དུ་འབྱོར་ནས། ཕཱ་ལེ་སི་ཐན་ལ་འཚམས་འདྲི་བྱེད་མགོ་བརྩམས། དེ་ནི་ལོ་རྒྱུས་སྟེང་རྒྱ་གར་གྱི་ཙུང་ལི་ཡིས་ཐོག་དང་པོར་ཕཱ་ལེ་སི་ཐན་རྒྱལ་ཁབ་ལ་འཚམས་འདྲི་བྱས་པ་རེད།

ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་པཱ་སི་དང་མའོ་ཏིས་གཉིས་ཀྱིས་ལཱ་མུའུ་ཨན་ལཱ་རུ་ཡོད་པའི་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་ནས་གྲོས་མོལ་བྱས། ཨ་པཱ་སི་ཡིས་དེའི་རྗེས་སུ་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་རྒྱ་གར་བར་གྱི་བདེ་འཇགས་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་པ་དང་། རྒྱ་གར་དེ་ས་ཁུལ་གྱི་དྲང་བདེན་དང་ཞི་བདེ་མངོན་འགྱུར་བྱེད་པར་ཡར་སྐུལ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བར་རེ་བས་ཁེངས་ཡོད་ཟེར།

ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་ཐད་ནས་ཨ་པཱ་སི་ཡིས་བཤད་རྒྱུར། ང་ཚོས་དུས་ནམ་ཡིན་ཡང་ཞི་བའི་གྲོས་མོལ་དངང་ལེན་བྱེད་བཞིན་ཡོད་པ་དང་། དོན་དེའི་ཐད་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར། ཁོས་བསྟན་དོན། སྣེ་མང་རྐྱེན་སྲོལ་ཞིག་བཙུགས་ཏེ་ཞི་བའི་གྲོས་མོལ་ལ་མགོ་འཛིན་བྱེད་པ་ནི་ཆེས་མཆོག་ཏུ་གྱུར་བའི་ཐབས་ཤིག་ཡིན་པ་རེད། ཁོས་ནན་གྱིས་བསྟན་དོན། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེ་དང་བདེ་འཇགས་མཉམ་གནས་མངོན་འགྱུར་བྱ་ཆེད། ངེས་པར་དུ་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་རྒྱལ་མཚམས་རྨང་གཞིར་བྱས་ཤིང་ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་པའི་རང་བཙན་གྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་སྐྲུན་བྱ་དགོས་ཟེར།

མའོ་ཏིས་ཀྱིས་བཤད་རྒྱུར། རྒྱ་གར་དང་ཕཱ་ལེ་སི་ཐན་གྱི་འབྲེལ་བ་ཡུན་རིང་ཞིང་སྲ་བརྟན་ཡིན། རྒྱ་གར་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་གྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་དེ་ཕྱི་ཕྱོགས་སྲིད་ཇུས་ཀྱི་གཙོ་གནད་དུ་བྱས་ཡོད་ཟེར། ཁོས་བསྟན་དོན། རྒྱ་གར་གྱིས་ཕཱ་ལེ་སི་ཐན་གྱི་ཁེ་ཕན་ལ་མཐོང་ཆེན་བྱེད་པ་དང་། གང་མགྱོགས་སྒོས་རང་བཙན་བདག་དབང་ཅན་གྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་ཅིག་འཛུགས་ཐུབ་པར་རེ་བ་བཅངས་ཡོད་ཟེར།

འཚམས་འདྲི་བྱེད་སྐབས་རྒྱ་གར་དང་ཕཱ་ལེ་སི་ཐན་གྱིས་རིན་ཐང་མེ་སྒོར་བྱེ་བ་བཞི་དང་ས་ཡ་གཅིག་ཡིན་པའི་གྲོས་མཐུན་བཀོད་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།