ཀྲུང་གོ་བོད་ཀྱི་དྲ་བ།

ཁཱ་མེ་ལུང་ནུབ་ཕྱོགས་ས་ཁུལ་ནས་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁཱ་མེ་ལུང་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས་བཅུ་བཞིའི་ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་ནུབ་ཕྱོགས་ས་ཁུལ་ནས་ཚེས་བཅུ་གསུམ་ཉིན་གྱི་ནམ་གུང་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། མི་ཉེར་གཅིག་རྐྱེན་ལམ་དུ་ཤོར་ཟེར།

བསྒྲགས་པ་ལྟར་ན། འགྲུལ་བ་རེ་གསུམ་དྲུད་ཡོད་པའི་ཁྲིམས་འགལ་གྱི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཚེས་བཅུ་གསུམ་ཉིན་གྱི་དགོང་མོའི་དུས་ཚོད་བཅུའི་ཡས་མས་སུ་ཁཱ་མེ་ལུང་ནུབ་ཕྱོགས་ཀྱི་ཅང་ཚོན་གྲོང་ཁྱེར་ནས་ལམ་དུ་ཆས་ཏེ། ཁཱ་མེ་ལུང་གི་དཔལ་འབྱོར་ལྟེ་གནས་ཏུའུ་ཨ་ལཱ་རུ་སོང་། རླངས་འཁོར་དེ་ལམ་དུ་ཆས་ནས་ཅང་མ་འགོར་བར་འགག་ཟྭ་ལ་སྐྱོན་བྱུང་སྟེ། ཁ་ལོ་བྱེད་ཐབས་བྲལ་ནས་གྲོག་རོང་དུ་ལྷུང་བ་དང་། མི་ཉེར་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་བརྒྱད་ལ་རྨས་ཕོག དེའི་ནང་མི་མང་ཆེ་བའི་རྨས་སྐྱོན་ཚབས་ཆེན་རེད་ཟེར།

བསྒྲགས་པ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་དེས་ཁྲིམས་འགལ་གྱིས་སྐྱེལ་འདྲེན་བྱེད་བཞིན་ཡོད་པ་དང་། འགྲུལ་བའི་གནས་ཚུལ་ཐོ་འགོད་བྱས་མེད་པས་འདས་པོའི་ཐོབ་ཐང་ངོས་འཛིན་བྱེད་པར་དཀའ་ཁག་ཆེ་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།