ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཨ་མེ་རི་ཁས་བཏོན་པའི་དབྱི་ལིང་རྒྱལ་ནང་གི་གནས་བབ་ཐད་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བྲེལ་མྱུར་གྲོས་ཚོགས་བསྡུ་བའི་གྲོས་གཞིར་ངོ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཚེས་བཞིའི་ཉིན་མའོ་སི་ཁི་ནས་བསྟན་དོན། ཨུ་རུ་སི་ཡིས་བལྟས་ན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་ལིང་རྒྱལ་ནང་གི་ངོ་རྒོལ་གནས་བབ་ཐག་གཅོད་བྱེད་པའི་ཐད་ནུས་པ་འདོན་མི་ཐུབ་པར་འདོད།

དབྱི་ལིང་རྒྱལ་ནང་གི་ངོ་རྒོལ་གནས་བབ་ལ་དམིགས་ཏེ། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ནོའུ་ཨར་ཐི་ཡིས་དེའི་སྔོན་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མ་འོངས་པའི་ཉིན་འགའི་ནང་དབྱི་ལིང་རྒྱལ་ནང་གི་གནས་བབ་ཐད་ནས་བྲེལ་མྱུར་གྲོས་ཚོགས་བསྡུ་རྒྱུའི་རེ་བ་བཏོན།

གྲོས་གཞི་དེའི་ཐད་ནས་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བསྟན་དོན། དབྱི་ལིང་རྒྱལ་ནང་གི་བྱ་འགུལ་རེ་འགའ་ནི་ནང་ཁུལ་གྱི་གནད་དོན་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གཙོ་བོ་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ཀྱི་འགན་ཁུར་ཡོད་པས། དབྱི་ལིང་རྒྱལ་ནང་གི་ལས་དོན་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འགན་ནུས་བར་འབྲེལ་བ་ཅི་ཡང་མེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།