ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོས་ཁྲའོ་ཞན་དང་ཧན་གོས་པན་མིན་མགྲོན་ཁང་གི་འབྲེལ་གཏུག་ཐབས་ལམ་བརྒྱུད་དེ་ཁ་པར་གཏོང་བ་མངོན་འགྱུར་བྱུང་བ་ཁས་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་གཅིག་གྱུར་པུའུ་ཡིས་ཚེས་གསུམ་ཉིན་ཁས་ལེན་བྱས་དོན། ཁྲའོ་ཞན་དང་ཧན་གོས་ཉིན་དེར་ཡང་བསྐྱར་སླར་གསོ་བྱས་པའི་པན་མིན་མགྲོན་ཁང་གི་འབྲེལ་གཏུག་ཐབས་ལམ་བརྒྱུད་དེ་སྐར་མ་ཉི་ཤུ་ཙམ་གྱི་རིང་ཁ་པར་གྲོས་མོལ་བྱས་པ་དང་། གཙོ་བོ་འཕྲིན་གཏོང་སྐུད་ལམ་ལ་ལག་རྩལ་གྱི་ཞིབ་བཤེར་བྱས་པ་རེད་ཟེར།

ཧན་གོའི་གཅིག་གྱུར་པུའུ་ཡིས་བསྟན་དོན། ཚེས་གསུམ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་སུམ་ཅུ་ནས་དུས་ཚོད་གསུམ་དང་སྐར་མ་ལྔ་བཅུའི་བར་ཧན་གོའི་ཕྱོགས་ཀྱིས་པན་མིན་མགྲོན་ཁང་གི་འབྲེལ་གཏུག་ཐབས་ལམ་བརྒྱུད་དེ་ཁ་པར་བཏང་། ཁྲའོ་ཞན་དང་ཧན་གོ་ཕྱོགས་གཉིས་ཀྱིས་ཁ་པར་དང་བརྒྱུད་སྐུར་འཕྲུལ་ཆས་རྒྱུན་ལྡན་ཡིན་མིན་ལ་ཞིབ་བཤེར་བྱས་པ་ཡིན་ཟེར།

གཅིག་གྱུར་པུའུ་ཡིས་བསྟན་དོན། ཉིན་དེར་ཁྲའོ་ཞན་ཕྱོགས་ཀྱིས་ཡང་བསྐྱར་འབྲེལ་གཏུག་ཐབས་ལམ་བརྒྱུད་དེ་ཁ་པར་གཏོང་ཡང་སྲིད་པས། ཧན་གོའི་ཕྱོགས་ཀྱིས་དེར་སྒུག་ཡོད་ཟེར།

ཉིན་དེར་ཧན་གོའི་ཆིན་ཝ་ཐེ་རྒྱལ་དམངས་འབྲེལ་གཏུག་གི་དབུ་བཞུགས་དྲུང་ཡིག་ཡུན་ཡུང་ཧྲན་གྱིས་བསྟན་དོན། ཁྲའོ་ཞན་དང་ཧན་གོས་པན་མིན་མགྲོན་ཁང་གི་འབྲེལ་གཏུག་ཐབས་ལམ་སླར་གསོ་བྱས་པར་དོན་སྙིང་གལ་ཆེན་ལྡན་པ་དང་། དེས་ཁྲའོ་ཞན་དང་ཧན་གོའི་བར་དུས་ངེས་མེད་དུ་གྲོས་མོལ་བྱས་ཆོག་པར་བྱས་ཡོད།

ཁྲའོ་ཞན་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས་ཉིན་དེའི་ཕྱི་དྲོར་པན་མིན་མགྲོན་ཁང་གི་ཁྲའོ་ཞན་དང་ཧན་གོའི་བར་གྱི་འབྲེལ་གཏུག་སྐུད་ལམ་སླར་གསོ་བྱས་ཏེ། ཁྲའོ་ཞན་ཟླ་རྗེས་མར་ཧན་གོའི་ཕེན་ཁྲང་ནས་སྤེལ་རྒྱུ་ཡིན་པའི་ཉིས་སྟོང་བཅོ་བརྒྱད་ལོའི་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུའི་བཀའ་རྒྱ་བཏང་། དེ་ནི་ཉིས་སྟོང་བཅུ་དྲུག་ལོའི་ཟླ་གཉིས་པར་ཁྲའོ་ཞན་དང་ཧན་གོའི་པན་མིན་མགྲོན་ཁང་གི་འབྲེལ་གཏུག་ཐབས་ལམ་མཚམས་ཆད་རྗེས་ཐོག་དང་པོར་སླར་གསོ་བྱུང་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།