ཀྲུང་གོ་བོད་ཀྱི་དྲ་བ།

ཁི་ཝེ་ཐི་སོགས་རྒྱལ་ཁབ་དྲུག་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་ཀྱི་ལས་འགན་ལག་བསྟར་བྱེད་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁི་ཝེ་ཐི་དང་ཁོ་ཐེ་ཏི་ཝོར། དམར་ཐིག་ཀུའེ་ནེ་ཡཱ། ཕེ་རུ། ཕོ་ལན། ཧི་ལན་བཅས་རྒྱལ་ཁབ་དྲུག་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་དངོས་སུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་ཏུ་གྱུར།

ཧི་ལན་མ་གཏོགས་པའི་རྒྱལ་ཁབ་ལྔའི་འགན་ཡུན་ནི་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བར་ཏེ་ལོ་གཉིས་ཡིན་པ་རེད། ཉིས་སྟོང་བཅུ་དྲུག་ལོར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྤེལ་བའི་སྐབས་སུ་བཀོད་པའི་དབྱི་ཐཱ་ལེ་དང་ཧི་ལན་གྱི་ཉིས་སྟོང་བཅུ་བདུན་ལོ་དང་ཉིས་སྟོང་བཅོ་བརྒྱད་ལོའི་གྲོས་ཆོད་ལྟར་ན། ཧི་ལན་གྱི་འགན་ཡུན་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་མཇུག་སྒྲིལ་བ་རེད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་གཞན་པ་ནི་ཧཱ་སག་སི་ཐན་དང་ཨེ་ཙེ་ཨོ་ཕི་ཡཱ། པའོ་ལེ་ཝེ་ཡཱ། སུའེ་ཏེན་བཅས་རེད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་བསྡོམས་པས་ཁོངས་གཏོགས་རྒྱལ་ཁབ་བཅོ་ལྔ་ཡོད་པ་དང་། དེའི་ནང་ཀྲུང་གོ་དང་ཧྥ་རན་སི། ཨུ་རུ་སི། དབྱིན་ཇི། ཨ་མེ་རི་ཁ་བཅས་ནི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པ་དང་། དེའི་འཕྲོའི་ཁོངས་གཏོགས་རྒྱལ་ཁབ་བཅུ་ནི་རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་ཡིན་པ་རེད། རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་ཀྱི་ལས་གནས་ནི་ས་ཁུལ་ལྟར་བགོས་ཡོད་པ་དང་། འགན་ཡུན་ལོ་གཉིས་ཡིན་པ་རེད། འདེམ་བསྐོ་ལ་བརྟེན་ནས་ལོ་རེར་རྒྱལ་ཁབ་ལྔ་རེ་བརྗེ་སྤོར་བྱེད་བཞིན་ཡོད་ལ། བསྟུད་འགན་ཁུར་མི་ཆོག་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།