ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་ཞི་ལཱ་རྒྱལ་ཁབ་ཀྱིས་སྲིད་འགྱུར་ལ་ཞུགས་པའི་ཐུར་ཁེའི་དམག་མི་ཞིག་ལ་འགེབས་སྲུང་བྱས་པར་སྐྱོན་བརྗོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུའི་ཉིན་གསལ་སྒྲོག་སྤེལ་ཏེ། ཞི་ལཱ་རྒྱལ་ཁབ་ཀྱིས་ན་ནིང་ཐུར་ཁེའི་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་ལ་ཞུགས་པའི་ཐུར་ཁེའི་དམག་མི་ཞིག་ལ་འགེབས་སྲུང་བྱས་པར་སྐྱོན་འཛུགས་བྱས།

གསལ་སྒྲོག་ལས་བཤད་རྒྱུར། ཞི་ལཱ་ཕྱོགས་ཀྱིས་དམག་མི་དེའི་ཉེན་ཡོལ་རེ་ཞུར་ཆོག་མཆན་བཀོད་པའི་ཆོད་དོན་ནི་ཆབ་སྲིད་ཀྱི་དམིགས་ཡུལ་ཡིན་པ་དང་། དེས་ཐུར་ཁེ་དང་ཞི་ལཱ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་རྒྱལ་ཁབ་གཉིས་ཀྱི་ས་ཁུལ་ལས་དོན་ཐད་ཀྱི་ཐུན་མོང་གི་རྩོལ་བར་ཤུགས་རྐྱེན་ཐེབས་སྲིད་ཟེར། ཐུར་ཁེའི་ཕྱོགས་ཀྱིས་ད་རུང་ཞི་ལཱ་ཡིས་ཐུར་ཁེའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་དང་ནག་ཉེས་ལ་ཆམ་ཕབ་གཏོང་བའི་ཐད་རྒྱབ་སྐྱོར་དང་མཉམ་ལས་མ་བྱས་པར་སྐྱོན་བརྗོད་བྱས།

ཞི་ལཱ་ནས་ཉེན་ཡོལ་བྱེད་པར་ཆོག་མཆན་ཐོབ་པའི་ཐུར་ཁེའི་དམག་མི་དེ་ནི་ཞི་ལཱ་རུ་བྲོས་པའི་དམག་བཀོལ་གྱེན་འཕུར་གནམ་གྲུའི་ཁ་ལོ་བ་གཞོན་པ་ཞིག་ཡིན་པ་དང་། ཞི་ལཱའི་ཉེན་ཡོལ་རྩད་ཞིབ་ཨུ་ཡོན་ལྷན་ཁང་གིས་ཁོའི་རེ་ཞུར་ཆོག་མཆན་བཀོད་ཡོད། ཨུ་ཡོན་ལྷན་ཁང་དེས་བཤད་རྒྱུར། དམག་མི་དེ་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་ལ་ཞུགས་པའི་བདེན་དཔང་མེད་ཟེར།

གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། ཞི་ལཱའི་ཙུང་ལི་ཆི་ཕུའུ་ལཱ་སིའི་གཞུང་སྒྲུབ་ཁང་གིས་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུའི་ཉིན་གྱི་ཕྱི་དྲོར་གསལ་སྒྲོག་སྤེལ་ཏེ། སྲིད་གཞུང་གིས་ཉེན་ཡོལ་རྩད་ཞིབ་ཨུ་ཡོན་ལྷན་ཁང་གི་ཆོད་དོན་ཁས་ལེན་མི་བྱེད་པའི་རེ་ཞུ་འདོན་རྒྱུ་ཡིན་ཟེར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཟླ་བཅུ་གཉིས་པའི་ཟླ་མགོར་ཞི་ལཱ་རྒྱལ་ཁབ་ལ་འཚམས་འདྲི་བྱེད་སྐབས། ཆི་ཕུའུ་ལཱ་སི་ཡིས་བཤད་རྒྱུར། ཞི་ལཱ་ཡིས་སྲིད་འགྱུར་ལ་ཞུགས་པའི་ཐུར་ཁེའི་དམག་མི་དེ་དག་ལ་དགའ་བསུ་མི་བྱེད་ཀྱང་། ཁྲིམས་འཛིན་ལས་ཁུངས་ཀྱིས་ད་གཟོད་ཆོད་དོན་དེ་ཐག་གཅོད་བྱེད་ཐུབ་པ་དང་། ཆོད་དོན་དེར་བརྩི་འཇོག་གང་ལེགས་ཐོབ་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།