ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཡེ་མིན་གྱི་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་སོ་ཏི་ཨ་རབ་ལ་འཕུར་མདེལ་འཕངས་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་གཉིས་ཉིན་སྨྱན་བྱད་གསལ་བསྒྲགས་སྤེལ་ནས། ཚིག་སྦྱོར་ཆེས་དྲག་པོ་བཀོལ་ནས་ཡེ་མིན་གྱི་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་ཚེས་བཅུ་དགུ་ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡ་ཏི་ལ་འཕུར་ལམ་འཕུར་མདེལ་འཕངས།

གསལ་བསྒྲགས་ནང་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་མུ་མཐུད་དུ་སོ་ཏི་ཨ་རབ་དང་འཕུར་མདེལ་གྱིས་འཇབ་རྒོལ་བྱེད་རྒྱུ་ཡིན་པ་དང་ས་ཁུལ་དེའི་རྒྱལ་ཁབ་གཞན་དག་ལ་འཇབ་རྒོལ་བྱེད་རྒྱུ་ཡིན་ཞེས་བཤད་པར་ཡ་ང་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ཚང་མས་འབྲེལ་ཡོད་གྲོས་ཆོད་ཀྱིས་གཏན་ལ་ཕབ་པའི་ཡེ་མིན་གྱི་ཧུའུ་སའེ་དྲག་ཆས་རྩ་འཛུགས་ལ་མཚོན་ཆ་སྐྱེལ་མི་ཆོག་པའི་གཏན་ཁེལ་དེ་ཡོངས་སུ་ལག་བསྟར་བྱེད་རྒྱུའི་འབོད་སྐུལ་བཏང་བ་ཡིན་ལ། མཚོན་ཆ་སྐྱེལ་མི་ཆོག་པའི་གཏན་ཁེལ་ལ་ཡང་ནས་ཡང་དུ་འགལ་བའི་གནས་ཚུལ་བསྒྲགས་པར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཟེར།

གསལ་བསྒྲགས་ནང་དུ་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཡེ་མིན་གྱི་བསྟུད་མར་ཇེ་སྡུག་ཏུ་འགྲོ་བཞིན་པའི་མི་ཆོས་རིང་ལུགས་ཀྱི་གནས་བབ་ལ་སེམས་ཁུར་བྱེད་བཞིན་པ་དང་། ཕྱོགས་སོ་སོས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་དང་རོགས་སྐྱོར་མི་སྣ་ལ་བར་ཆད་ཅི་ཡང་མེད་པར་བྱས་ཏེ། འབྲུ་རིགས་དང་འབར་རྫས། སྨན་བཅོས་དངོས་རྫས་བཅས་ནང་འདྲེན་བྱེད་པ་དང་མང་ཚོགས་ལ་སྟེར་བར་སྟབས་བདེ་བཟོ་དགོས་པའི་འབོད་སྐུལ་བཏང་བ་ཡིན་ཟེར། གསལ་བསྒྲགས་ནང་དུ་ཞི་བའི་གྲོས་མོལ་གྱི་འཕེལ་རིམ་ཧ་ཅང་དལ་བར་སེམས་ཁུར་བྱས་ཡོད་པ་དང་། ཕྱོགས་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ཆེད་མངགས་ཕོ་ཉ་དང་མཉམ་ལས་བྱས་ཏེ། ཞི་བདེ་སྔ་མོ་ནས་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད། གསལ་བསྒྲགས་ནང་དུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཡེ་མིན་གྱི་མཐུན་སྒྲིལ་དང་བདག་དབང་། རང་བཙན་དང་མངའ་ཁོངས་ཆ་ཚང་བ་བཅས་ལ་འབད་བརྩོན་བྱེད་རྒྱུ་ཡིན་པ་བསྐྱར་བསྒྲགས་བྱས་ཡོད།

ཚེས་བཅུ་དགུ་ཉིན། ཡེ་མིན་གྱི་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་འཕངས་པའི་འཕུར་མདེལ་སོ་ཏི་ཨ་རབ་ཀྱི་མཁའ་ཟོན་དམག་དཔུང་གིས་བཀག་པ་དང་། མི་སྣར་ཤི་རྨས་བྱུང་མེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།