ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ལྷག་འཕྲོ་ཚར་གཅོད་བྱེད་བཞིན་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་དམག་དཔུང་གིས་ཚེས་བཅུ་དྲུག་ཉིན་ནས་བཟུང་དབྱི་རག་དབུས་ཕྱོས་ཀྱི་ཞིང་སྡེ་ས་ཁུལ་ནས་འགུལ་སྐྱོད་སྤེལ་ཏེ། གནས་དེར་སྦས་སྐོང་བྱེད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྟོབས་ཤུགས་ལྷག་འཕྲོ་ཚར་གཅོད་བྱེད་བཞིན་ཡོད།

དབྱི་རག་དམག་ཕྱོགས་ཀྱི་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་ཚེས་བཅུ་དྲུག་ཉིན་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཉིན་དེར་སྲིད་གཞུང་དམག་དཔུང་གིས་སཱ་ལཱ་ཧི་ཏེན་ཞིང་ཆེན་དང་ཏིས་ཡཱ་ལཱ་ཞིང་ཆེན་གྱི་འབྲེལ་མཚམས་སུ་གནས་པའི་མེད་ཐི་པུས་ཅཱ་ས་ཁུལ་ནས་གཙང་ཕྱགས་བྱ་འགུལ་སྤེལ་ནས། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སྦས་སྐོང་བྱེད་ས་ཞིག་ལ་འགས་གཏོར་བཏང་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་འགུལ་སྐྱོད་ལ་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་དྲག་ཆས་པ་མི་དམངས་སྐུལ་སློང་ཚོགས་འདུའི་རྩ་འཛུགས་ཀྱི་རོགས་སྐྱོར་ཐོབ་པ་དང་། སྲིད་གཞུང་དམག་དཔུང་གིས་མུ་མཐུད་དུ་ས་ཁུལ་དེ་ནས་འགུལ་སྐྱོད་སྤེལ་ཏེ། གནས་དེར་སྦས་སྐོང་བྱེད་པའི་དྲག་ཆས་ཉེས་ཅན་ཚང་མར་ཚར་གཅོད་བྱེད་རྒྱུ་རེད།

འདས་པའི་ཟླ་ངོ་འགའི་ནང་། དབྱི་རག་སྲིད་གཞུང་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སཱ་ལཱ་ཧི་ཏེན་ཞིང་ཆེན་དང་ཅི་ཨར་ཁུའུ་ཁི་ཞིང་ཆེན་གྱི་སྦས་སྐོང་བྱེད་ས་ཕྱིར་འཕྲོག་ལེན་བྱས་པ་དང་། དྲག་ཆས་ཉེས་ཅན་གྱི་ལྷག་འཕྲོ་དག་མེད་ཏི་པུས་ཅཱ་ས་ཁུལ་དུ་བྲོས་བྱོལ་བྱས་ཡོད།

དབྱི་རག་གི་ཙུང་ལི་ཨ་པཱ་ཏིས་ཀྱིས་ཟླ་བཅུ་གཉིས་པའི་ཚེས་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། སྲིད་གཞུང་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཚོད་འཛིན་བྱེད་པའི་མངའ་ཁོངས་ཚང་མ་ཕྱིར་འཕྲོག་ལེན་བྱས་པ་དང་། དབྱི་རག་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ལོན་ཡོད་ཀྱང་། མིག་སྔར་ཐལ་སྤྱོད་རྩ་འཛུགས་སྐོར་ཞིག་སྔར་བཞིན་དབྱི་རག་གི་བྱེ་ཁུལ་དང་རི་ཁུལ་དུ་སྦས་སྐོང་བྱས་ཡོད་པ་དང་། དེ་དག་གིས་གོ་སྐབས་བཙལ་ནས་འཇབ་རྒོལ་དོན་རྐྱེན་བཟོ་ངེས་རེད་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།