ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་ཙུང་ཐུང་གིས་སཱ་ཧི་ལེ་རྒྱལ་ཁབ་ལྔའི་སྡེ་ཚོགས་ཀྱི་མཉམ་འབྲེལ་དམག་དཔུང་གིས་འཇིགས་སྐུལ་ངོ་རྒོལ་བྱེད་པའི་ཐད་གྲུབ་འབྲས་ལོན་པའི་སྨོན་འདུན་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་བཅུ་གསུམ་ཉིན་ཕཱ་རེ་སི་ནས་བསྟན་དོན། སཱ་ལེ་ཧི་རྒྱལ་ཁབ་ལྔའི་སྡེ་ཚོགས་ཀྱི་མཉམ་འབྲེལ་དམག་དཔུང་གིས་སང་ལོའི་ལོ་སྟོད་ལ་སཱ་ཧི་ལེ་ས་ཁུལ་གྱི་འཇིགས་སྐུལ་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་ཐད་ནས་གྲུབ་འབྲས་ངེས་ཅན་ལོན་པར་སྨོན་འདུན་ཞུས་ཡོད་ཟེར།

ཧྥ་རན་སི་ཡིས་རྩ་འཛུགས་བྱས་པའི་སཱ་ཧི་ལེ་རྒྱལ་ཁབ་ལྔའི་སྡེ་ཚོགས་ལ་རྒྱབ་སྐྱོར་བྱེད་པའི་གྲོས་ཚོགས་ཉིན་དེར་ཕཱ་རེ་སི་ནས་ཚོགས། མཱ་ཁི་ལུང་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར། སཱ་ཧི་ལེ་རྒྱལ་ཁབ་ལྔའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་མགོ་ཁྲིད་པ་བཅས་གྲོས་ཚོགས་ལ་ཞུགས།

མཱ་ཁི་ལུང་གིས་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཧྥ་རན་སི་དངང་འབྲེལ་ཡོད་ཕྱོགས་སོ་སོས་སཱ་ཧི་ལེ་རྒྱལ་ཁབ་ལྔའི་སྡེ་ཚོགས་ཀྱི་མཉམ་འབྲེལ་དམག་དཔུང་ལ་མ་དངུལ་རོགས་སྐྱོར་འདོན་སྤྲོད་བྱེད་པའི་སྲིད་འཛིན་འགྲོ་ལུགས་སྟབས་བདེ་རུ་བཏང་སྟེ། མཉམ་འབྲེལ་དམག་དཔུང་ལ་མཁོ་བའི་མ་དངུལ་མྱུར་མོར་དོན་འཁྱོལ་ཡོང་བར་བྱེད་དགོས་ཟེར།

སཱ་ཧི་ལེ་ས་ཁུལ་ནི་ཨ་ཧྥེ་རི་ཁ་གླིང་སཱ་ཧཱ་ལཱ་བྱེ་མའི་ལྷོ་ངོས་ཀྱི་ཞེང་ཚད་ལ་སྤྱི་ལེ་སུམ་བརྒྱ་དང་ཉི་ཤུ་ནས་བཞི་བརྒྱ་དང་བརྒྱད་ཅུ་ཡོད་པའི་ས་ཁོངས་ཡིན་ཞིང་། སེ་ནེ་ཀལ་དང་མའོ་ལི་ཐཱ་ནི་ཡཱ། མཱ་ལི། པུ་ཁི་ནཱ་ཧྥ་སོ། ནེ་ཀྲིར་སོགས་རྒྱལ་ཁབ་འདུས་ཡོད། ཉེ་བའི་ལོ་འགའི་རིང་ས་ཁུལ་དེར་དབུལ་ཕོངས་དང་འཁྲུག་རྩོད། རང་བྱུང་གནོད་འཚེ་བཅས་ཀྱི་གནོད་པ་ཚབས་ཆེན་བྱུང་ཡོད།

ད་ལོའི་ཟླ་གཉིས་པར། སཱ་ཧི་ལེ་རྒྱལ་ཁབ་ལྔའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་མཱ་ལི་དང་མའོ་ལི་ཐཱ་ནི་ཡཱ། པུ་ཁི་ནཱ་ཧྥ་སོ། ནེ་ཀྲིར། ཀྲ་ཏི་བཅས་ཀྱིས་མི་ལྔ་སྟོང་གིས་གྲུབ་པའི་སཱ་ཧི་ལེ་རྒྱལ་ཁབ་ལྔའི་སྡེ་ཚོགས་ཀྱི་མཉམ་འབྲེལ་དམག་དཔུང་བཙུགས་ཏེ། ཧྥ་རན་སིའི་དམག་མིའི་རྒྱབ་སྐྱོར་འོག མཉམ་དུ་སཱ་ཧི་ལེ་ས་ཁུལ་གྱི་ཉིན་རེར་ཛ་དྲག་ཏུ་འགྱུར་བའི་འཇིགས་སྐུལ་རིང་ལུགས་བྱ་འགུལ་ལ་ཆམ་ཕབ་བཏང་བ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།