ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པས་ཁྲའོ་ཞན་དུ་འཚམས་འདྲི་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆབ་སྲིད་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ཧྥེ་ཨར་ཐི་མན་གྱིས་ཚེས་དགུའི་ཉིན་གསར་འགྱུར་ལས་རིགས་ལ་ཁྲའོ་ཞན་དུ་འཚམས་འདྲི་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཁྲའོ་ཞན་ཕྱེད་གླིང་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་བའི་དགོས་གལ་རང་བཞིན་ནན་བཤད་བྱས་པར་མ་ཟད། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པའི་གལ་ཆེན་རང་བཞིན་བསྐྱར་སྒྲོག་བྱས།

ཧྥེ་ཨར་ཐི་མན་གྱིས་ཚེས་བརྒྱད་ཉིན་ཁྲའོ་ཞན་ལ་དུས་ཡུན་ཉིན་བཞིའི་འཚམས་འདྲི་བྱེད་པ་མཇུག་སྒྲིལ། ཁོས་དེའི་རྗེས་སུ་གསར་འགྱུར་ལས་རིགས་ལ་སྤེལ་བའི་གསལ་སྒྲོག་ཅིག་ལས་བསྟན་དོན། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་པ་དང་ལྷག་བསམ་རྣམ་དག་གིས་གྲོས་མོལ་བྱས་ན། ད་གཟོད་མིག་སྔའི་ཕྱེད་གླིང་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་ཐུབ་པ་དང་། གནད་དོན་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད་དུས་ཚོད་ནི་གནད་འགག་ཡིན་ཟེར།

ཧྥེ་ཨར་ཐི་མན་གྱིས་ཚེས་ལྔ་ཉིན་ནས་ཚེས་བརྒྱད་ཉིན་བར་ཁྲའོ་ཞན་དུ་འཚམས་འདྲི་བྱས་ཤིང་། ཁྲའོ་ཞན་གྱི་ཕྱི་འབྲེལ་བློན་ཆེན་ལིས་ཡུང་ཧའོ་དང་ཁྲའོ་ཞན་གྱི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཕེའོ་མེན་གོ་གཉིས་དང་མཉམ་དུ་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་གྲོས་མོལ་རྒྱ་ཆེར་སྤེལ་བ་དང་། ཁརའོ་ཞན་ཕྱེད་གླིང་གི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། གཅིག་གྱུར་སྒོས་བལྟས་ན་ཕྱེད་གླིང་གི་གནས་བབ་ནི་དེང་སྐབས་འཛམ་གླིང་སྟེང་ཆེས་ཛ་དྲག་ཆེ་བ་དང་ཆེས་ཉེན་ཁ་ཡོད་པའི་ཞི་བདེ་དང་བདེ་འཇགས་ཀྱི་གནད་དོན་ཞིག་ཡིན་པར་འདོད།

འཚམས་འདྲི་བྱེད་སྐབས། ཧྥེ་ཨར་ཐི་མན་གྱིས་ཁྲའོ་ཞན་ཕྱོགས་ལ་ཕྱོགས་ཡོངས་ནས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལག་བསྟར་བྱེད་པའི་དགོས་གལ་རང་བཞིན་ནན་བཤད་བྱས་པ་དང་། ཁོས་ཞོར་དུ་བསྟན་དོན། གནས་བབ་ལ་ནོར་འཆུག་གི་བརྡར་གཅོད་བྱེད་པ་སྔོན་འགོག་བྱས་ཤིང་སྒོ་འབྱེད་ཀྱི་ཐབས་ལ་བརྟེན་ནས་འཁྲུག་རྩོད་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་འགྲོ་བར་སེམས་ཁུར་བྱེད་བཞིན་ཡོད་ལ། ཞི་བའི་ཐག་གཅོད་བྱེད་ཐབས་ཤིག་འཚོལ་ཞིབ་བྱེད་པར་བརྩོན་བཞིན་ཡོད་ཟེར།

འཚམས་འདྲི་བྱེད་སྐབས་ཧྥེ་ཨར་ཐི་མན་གྱིས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཁབ་ཚན་ཆུང་དང་ཕྱི་འབྲེལ་ཚོགས་ཁག་གི་ཁོངས་མིར་ཐུག་འཕྲད་བྱས་པ་དང་། བྱིས་པའི་ཟས་རིགས་བཟོ་གྲྭ་དང་འདུས་འདྲིལ་ནད་ཀྱི་སྔོན་འགོག་ཞིབ་འཇུག་ཁང་། བྱིས་ནད་ཚན་ཁག་གི་སྨན་ཁང་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་གཞི་རེ་འགར་ལྟ་ཞིབ་བྱས་པར་མ་ཟད། ཡུལ་དངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚེ་སྲོག་མྱུར་སྐྱོབ་འགུལ་སྐྱོད་ཀྱི་ཉོ་བསྡུ་དང་མ་དངུལ་མི་འདང་བ་སོགས་ཐད་ཀྱི་འགྲན་རྩོད་ལ་རྒྱུས་ལོན་བྱས།

དེ་ནི་དྲུང་ཡིག་ཆེན་མོ་གཞོན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་དཔོན་པོས་ལོ་དྲུག་གི་ནང་ཐོག་དང་པོར་ཁྲའོ་ཞན་ལ་འཚམས་འདྲི་བྱས་པ་རེད།

ཟླ་བཅུ་གཅིག་པའི་ཚེས་ཉེར་དགུའི་ཉིན། ཁྲའོ་ཞན་གྱིས་ཉིན་དེར་ཨ་མེ་རི་ཁའི་མངའ་ཁོངས་ལ་ཆམ་ཕབ་གཏོང་ཐུབ་པའི་ཉིང་རྡུལ་མདེལ་མགོ་འདྲུད་ཐུབ་པའི་གླིང་ཆེན་བར་གྱི་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱས་པར་ལེགས་འགྲུབ་བྱུང་བ་དང་། ཟླ་འདིའི་ཚེས་བཞི་ཉིན་ནས་ཚེས་བརྒྱད་ཉིན་བར། ཧན་གོའི་མཁའ་དམག་དང་ཧན་གོར་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གིས་མཉམ་འབྲེལ་གྱི་བར་སྣང་དམག་དོན་སྦྱོང་བརྡར་སྤེལ་བས། ཕྱེད་གླིང་གི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་ཡོད། གནས་བབ་དེའི་འོག མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བར་འདུམ་ལ་བརྟེན་ནས་གནས་བབ་ཞི་འཇགས་སུ་གཏོང་ཐུབ་མིན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།