ཀྲུང་གོ་བོད་ཀྱི་དྲ་བ།

ཏིས་ལེ་སིན་གྱིས་ཨ་མེ་རི་ཁའི་གཞུང་ཚབ་ཁང་ཡེ་ལུའུ་སཱ་ལེམ་དུ་སྤོར་བར་ལོ་གཉིས་ཀྱི་དུས་ཚོད་མཁོ་བར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཏིས་ལེ་སིན་གྱིས་ཚེས་བརྒྱད་ཉིན་ཕཱ་རེ་སི་ནས་བསྟན་དོན། ས་གནས་འདེམ་པ་དང་འཛུགས་སྐྲུན་བྱེད་པ། དེ་མིན་ཆོག་མཆན་སྣ་ཚོགས་ཐོབ་དགོས་པས། དབྱི་སི་རལ་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་དེ་ཐི་ལཱ་ཝེ་ཧྥུའུ་ནས་ཡེ་ལུའུ་སཱ་ལེམ་དུ་གནས་སྤོར་བར་ལོ་ངོ་གཉིས་ཀྱི་དུས་ཚོད་མཁོ་ངེས་རེད་ཟེར།

ཏིས་ལེ་སིན་གྱིས་ཉིན་དེར་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ལེ་ཏི་ལི་ཨང་དང་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁའི་གཞུང་ཚབ་ཁང་ཡེ་ལུའུ་སཱ་ལེམ་དུ་གནས་སྤོར་བར་དུས་ཚོད་ངེས་ཅན་དགོས། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་གཞུང་ཚབ་ཁང་གནས་སྤོར་བའི་བྱ་བ་དེ་འཆར་གཞི་ཡོད་པའི་སྒོ་ནས་སྤེལ་དགོས་པའི་རེ་བ་བཏོན་ཡོད་ཟེར།

ཨ་མེ་རི་ཁ་དང་ཧྥ་རན་སིའི་འབྲེལ་བའི་ཐད་ནས་ཏིས་ལེ་སིན་གྱིས་བཤད་རྒྱུར། ཨ་མེ་རི་ཁ་དང་ཧྥ་རན་སི་ལ་གཅིག་མཐུན་གྱི་རིན་ཐང་ལྟ་བ་དང་འབྲེལ་བ་ཟབ་མོ་ཡོད། ཕྱོགས་གཉིས་བར་གནད་དོན་མང་བོའི་བསམ་འཆར་མི་འདྲ་བ་ཡོད་ཀྱང་། གནད་དོན་དེ་དག་གི་ཐད་ནས་ལྷག་བསམ་རྣམ་དག་གིས་བརྗེ་རེས་བྱས་ཆོག་ཟེར། ཁོས་བསྟན་དོན། ཨ་མེ་རི་ཁས་ཧྥ་རན་སིས་ཨ་ཧྥེ་རི་ཁ་གླིང་སཱ་ཧི་ལེ་ས་ཁུལ་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པར་ཡར་སྐུལ་གཏོང་བའི་ཐད་ཀྱི་འབད་བརྩོན་ལན་གཟེངས་བསྟོད་བྱེད་བཞིན་ཡོད་ཟེར།

ཚེས་བརྒྱད་ཉིན། ཧྥ་རན་སི་ཡིས་སྤེལ་བའི་ལེ་པཱ་ནུན་གྱི་ཆབ་སྲིད་དཔལ་འབྱོར་གཏན་འཇགས་སྲུང་འཛིན་བྱེད་པར་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་གྲོས་ཚོགས་ཕཱ་རེ་སི་ནས་སྤེལ་བ་དང་། ཏིས་ལེ་སིན་དང་ལེ་ཏི་ལི་ཨང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་མུའུ་ཧན་མའོ་ཏི་སོགས་གྲོས་ཚོགས་དེར་ཞུགས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།