ཀྲུང་གོ་བོད་ཀྱི་དྲ་བ།

སོ་ཏི་ཨ་རབ་ཀྱི་དབྱི་སི་ལན་འཇིགས་སྐུལ་ངོ་རྒོལ་དམག་དོན་མནའ་འབྲེལ་གྱིས་རྒྱལ་སྲུང་བློན་ཆེན་གྱི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་ཏི་ཨ་རབ་གཙོ་བྱས་ནས་བཙུགས་པའི་དབྱི་སི་ལན་འཇིགས་སྐུལ་ངོ་རྒོལ་དམག་དོན་མནའ་འབྲེལ་གྱིས་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་རྒྱལ་སྲུང་བློན་ཆེན་གྱི་གྲོས་ཚོགས་ཐོག་མ་སྤེལ་བ་དང་། གྲོས་ཚོགས་ལ་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད། རྒྱལ་སྲུང་བློན་ཆེན་མུའུ་ཧན་མའོ་ཏི་པིན་སཱ་ལེ་མན་གྱིས་མགོ་འཛིན་བྱས།

ཉིན་དེའི་མགོ་རྩོམ་པའི་མཛད་སྒོའི་སྟེང་། སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད། རྒྱལ་སྲུང་བློན་ཆེན་མུའུ་ཧན་མའོ་ཏི་པིན་སཱ་ལེ་མན་གྱིས་ཐོག་མར་ཚེས་ཉེར་བཞིའི་ཉིན་ཨེ་ཅིབ་ཀྱི་འཇབ་རྒོལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོར་མྱ་ངན་ཞུས་པ་དང་། སོ་ཏི་ཨ་རབ་ཀྱིས་འབྲེལ་ཡོད་རྒྱལ་ཁབ་བར་མཐུན་སྦྱོར་གང་ལེགས་བྱས་ཏེ་མཉམ་དུ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།

ཐེངས་འདིའི་གྲོས་ཚོགས་ནས། གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོས་དབྱི་སི་ལན་འཇིགས་སྐུལ་ངོ་རྒོལ་དམག་དོན་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་འཛུགས་པར་འཐད་པ་བྱུང་བ་དང་། སོ་ཏི་ཨ་རབ་ཕྱོགས་ཀྱིས་འབྲེལ་ཡོད་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་ལ། ཁོངས་གཏོགས་རྒྱལ་ཁབ་སོ་སོའི་རྒྱལ་སྲུང་བློན་ཆེན་གྱིས་ལོ་རེར་ཐུན་མོང་གྲོས་ཚོགས་ཐེངས་རེ་སྤེལ་དགོས་པ་རེད། དེ་ལས་གཞན་གྲོས་ཚོགས་ནས་ད་རུང་སོ་ཏི་ཨ་རབ་ཀྱི་དམག་དཔོན་ཨ་པུའུ་ཏུའུ་ལི་ལཱ་དམག་དོན་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོར་བསྐོ་འཇོག་བྱས།

ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པའི་དྲི་བ་དང་ལེན་བྱེད་སྐབས། ཨ་པུའུ་ཏུའུ་ལི་ལཱ་ཡིས་བསྟན་དོན། དམག་དོན་མནའ་འབྲེལ་དེ་མིག་སྔའི་ཁོངས་གཏོགས་རྒྱལ་ཁབ་ཙམ་གྱིས་ཚོད་འཛིན་ཐེབས་ཡོད་པ་མ་ཡིན་པར། རྒྱལ་ཁབ་གཞན་པར་ཡང་སྒོ་འབྱེད་དང་མཉམ་ལས་ཀྱི་རྣམ་འགྱུར་བཟུང་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་ཐུན་མོང་གི་དམིགས་འབེན་ནི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་རྒྱུ་དེ་ཡིན་པ་ལས། ཞོན་ནེ་ཕྱོགས་ཁག་གི་དམག་དོན་མནའ་འབྲེལ་ཞིག་འཛུགས་པའི་ཆེད་མིན་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།