ཀྲུང་གོ་བོད་ཀྱི་དྲ་བ།

སྐོར་ཐེངས་གསར་བའི་སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་ཞི་བའི་གྲོས་མོལ་ནས་རྩ་ཁྲིམས་དང་འདེམ་བསྐོའི་གྲོས་གཞིར་གཅིག་བསྡུས་ཀྱིས་གྲོས་བསྡུར་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་གཞོན་པ་ལཱ་མུའུ་ཆི་ཡིས་ཚེས་ཉེར་ལྔ་ཉིན་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་ནས་བཤད་རྒྱུར། མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་སྐོར་ཐེངས་གསར་བའི་སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་ཞི་བའི་གྲོས་མོལ་ནས་རྩ་ཁྲིམས་དང་འདེམ་བསྐོའི་གྲོས་གཞིར་གཅིག་བསྡུས་ཀྱིས་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།

ལཱ་མུའུ་ཆི་ཡིས་ཉིན་དེར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། སྐོར་ཐེངས་གསར་བའི་ཞི་བའི་གྲོས་མོལ་ནས་སྔར་བཞིན་མི་རིགས་མཐུན་སྒྲིལ་གྱི་སྲིད་གཞུང་འཛུགས་པ་དང་། རྩ་ཁྲིམས་བཟོ་བཅོས་བྱེད་པ། ཡང་བསྐྱར་འདེམ་བསྐོ་བྱེད་པ། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་བཅས་གྲོས་གཞི་གཙོ་བོ་བཞིར་གྲོས་བསྡུར་བྱེད་རྒྱུ་ཡིན་ཡང་། གཅིག་བསྡུས་ཀྱིས་རྩ་ཁྲིམས་བཟོ་བཅོས་དང་ཡང་བསྐྱར་འདེམ་བསྐོའི་གྲོས་གཞིར་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།

ཁོས་བསྟན་དོན། སི་རི་ཡཱའི་ཆབ་སྲིད་འཕེལ་རིམ་ནི་རྙོག་འཛིང་ཆེ་ཞིང་དཀའ་ཁག་ཆེ་བས། སྐོར་ཐེངས་གསར་བའི་ཞི་བའི་གྲོས་མོལ་ལ་སི་རི་ཡཱའི་སྲིད་གཞུང་ཧུར་ཐག་སྒོས་ཞུགས་པ་དང་། ངོ་རྒོལ་ཕྱོགས་ཁག་གིས་གྲུབ་པའི་གཅིག་གྱུར་གྱི་འཐུས་ཚབ་ཚོགས་པའང་ཞི་བའི་གྲོས་མོལ་ལ་ཞུགས་པར་རེ་བ་བྱས་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྣེ་ཁྲིད་བྱས་པའི་སྐོར་ཐེངས་གསར་བའི་སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་ཞི་བའི་གྲོས་མོལ་དེ་ཟླ་འདིའི་ཚེས་ཉེར་བརྒྱད་ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་སྤེལ་རྒྱུ་ཡིན་པ་དང་། དེ་ནི་སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་འཐུས་མིས་རི་ནེ་ཝ་ནས་སྤེལ་བའི་སྐོར་ཐེངས་བརྒྱད་པའི་ཞི་བའི་གྲོས་མོལ་རེད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།