ཀྲུང་གོ་བོད་ཀྱི་དྲ་བ།

ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ནས་ས་ཁོངས་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་རེ་འདུན་མཚོན་པར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཚེས་བཅུ་བཞིའི་ཉིན་ཧྥེ་ལེ་པེན་གྱི་རྒྱལ་ས་མཱ་ནེ་ལཱ་ནས་སྤེལ། ཐེངས་འདིའི་གྲོས་ཚོགས་ནི་ཉིས་སྟོང་བཅུ་གཉིས་ལོར་ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་གྲོས་མོལ་རྐྱེན་སྲོལ་ལག་བསྟར་བྱས་པའི་ཚུན་ལ། འབྲེལ་ཡོད་རྒྱལ་ཁབ་དག་གིས་གྲོས་གཞི་དེའི་ཐད་ནས་སྤེལ་བའི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་མ་རེད། དེ་ལས་འབྲེལ་ཡོད་རྒྱལ་ཁབ་སོ་སོས་ས་ཁོངས་ཀྱི་དཔལ་འབྱོར་མཉམ་ལས་ལ་ཡར་སྐུལ་གཏོང་འདོད་ཡོད་པའི་རེ་འདུན་ངོ་མ་མངོན་པར་མཚོན་ཡོད།

ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ལ་ཞུགས་མཁན་ནི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བཅུ་དང་། ཀྲུང་གོ། འཇར་པན། ཧན་གོ། ཨོ་སི་ཁྲུ་ལི་ཡཱ། ནེའུ་ཙེ་ལན། རྒྱ་གར་བཅས་གྲོགས་པོའི་རྒྱལ་ཁབ་དྲུག་ཡིན་པ་དང་། ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་གྲོས་མོལ་ནང་དོན་དེ་ཁེ་ལས་ཆུང་འབྲིང་དང་། དངུལ་གཏོང་། དཔལ་འབྱོར་ལག་རྩལ་མཉམ་ལས། དངོས་ཟོང་དང་ཞབས་ཞུའི་ཉོ་ཚོང་སོགས་ཁྱབ་ཁོངས་བཅུ་ལྷག་ལ་འབྲེལ་ཡོད།

ཧྥེ་ལེ་པེན་གྱི་ཉོ་ཚོང་དང་བཟོ་ལས་པུའུ་ཡི་པུའུ་ཀྲང་གཞོན་པ་ལུའུ་ཏའོ་ཧྥུའུ་ཡིས་ཉིན་དེར་གསར་འགོད་པར་བསྟན་དོན། འབད་བརྩོན་བྱས་པ་བརྒྱུད་ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་གྲོས་མོལ་ལ་ད་ལོར་ཡོངས་འགྲུབ་བྱེད་ཐབས་མེད་ཀྱང་། ལོ་གཅིག་ཙམ་གྱི་གྲོསམོལ་ལས་ཉོ་ཚོང་གྲོས་མོལ་དང་ཞབས་ཞུ། དངུལ་གཏོང་རྣམ་པ་བཅས་གཏན་འཁེལ་བྱེད་པའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད་ཟེར།

ཧྥེ་ལེ་པེན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་ཡིས་བཤད་རྒྱུར། གྲོས་མོལ་བྱེད་སྐབས་ཚང་མས་འཕེལ་རྒྱས་དང་ནུས་པའི་འཛུགས་སྐྲུན་གྱི་བརྒྱུད་རིམ་ཁྲོད། བཟོད་སྒོམ་རང་བཞིན་གྱི་འཕར་སྣོན་ལ་ནུས་པ་གལ་ཆེན་ལྡན་པའི་ངེས་ཤེས་རྙེད་ཡོད། གྲོས་མོལ་གྱི་འཕེལ་རིམ་ལས་གྲོས་མོལ་ནས་བླངས་པའི་གྲུབ་འབྲས་གསལ་རྗེན་དུ་མངོན་པར་བྱས་ཡོད་ལ། རྒྱལ་ཁབ་སོ་སོས་སྤུས་ཚད་མཐོ་བ་དང་ཡིད་རྟོན་རུང་བ། གཉིས་ཕན་གྱི་རང་དབང་ཉོ་ཚོང་གྲོས་མཐུན་ཞིག་འགོད་པར་ད་རུང་བྱ་བ་མང་བོར་བསྒྲུབ་དགོས་པའི་ཚུལ་བསྟན་ཡོད།

གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་གྲོས་ཚོགས་གྲོལ་རྗེས་ཐུན་མོང་གསལ་སྒྲོག་སྤེལ་ཏེ་བསྐྱར་སྒྲོག་བྱས་དོན། ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ལ་སྦས་ཤུགས་ཆེན་པོ་ཡོད་པ་དང་། ལས་ཞུགས་གསར་སྐྲུན་ཐུབ་པ་དང་། རྒྱུན་མཐུད་འཕར་སྣོན་དང་བཟོད་སྒོམ་རང་བཞིན་གྱི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་ཐུབ་ལ། གསར་སྐྲུན་ལ་རྒྱབ་སྐྱོར་ཐུབ་པར་མ་ཟད། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ལེགས་བཅོས་བྱེད་ཐུབ་ཟེར།

གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པས་བསྟན་དོན། ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱིས་ད་ཡོད་ཀྱི་རང་དབང་ཉོ་ཚོང་གྲོས་ཆོད་ལེགས་སྒྲིག་བྱས་ཤིང་། ཕན་ཚུན་བར་གྲོས་ཆོད་མེད་པའི་གྲོགས་པོའི་བར་དཔལ་འབྱོར་འབྲེལ་བ་གསར་འཛུགས་བྱེད་དགོས་ཟེར།

ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ནི་མིག་སྔར་ཨེ་ཤ་ཡཱ་ཤར་མ་ས་ཁུལ་གྱི་གཞི་རྒྱ་ཆེས་ཆེ་ཞིང་། ཁོངས་གཏོགས་རྒྱལ་ཁབ་ཆེས་མང་བ། ཤུགས་རྐྱེན་ཆེས་ཆེ་བའི་རང་དབང་ཉོ་ཚོང་ས་ཁུལ་གྱི་གྲོས་མོལ་ཅིག་ཡིན། བསྡོམས་རྩིས་བྱས་པ་ལྟར་ན། གལ་ཏེ་ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་བཀོད་ན། མི་གྲངས་ཐེར་འབུམ་གསུམ་ལ་བསླེབས་པ་དང་། རྒྱལ་དམངས་སྤྱིའི་ཐོན་རིན་མེ་སྒོར་དུང་ཕྱུར་ཁྲི་ཉེར་གཅིག་ཙམ་ལ་བསླེབ་པ། འཛམ་གླིང་ཉོ་ཚོང་སྤྱི་འབོར་གྱི་བརྒྱ་ཆའི་སུམ་ཅུ་ཟིན་པའི་ཉོ་ཚོང་སྡེ་ཚོགས་ཤིག་ཆགས་ཐུབ་ངེས་རེད།

ཧྥེ་ལེ་པེན་ད་ལོའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་བཀོད་པ་ལས་གོ་སྐབས་ཆེན་པོ་བསྐྲུན་ཐུབ་པར་འདོད་པས། ལོ་མགོ་ནས་བཟུང་གྲོས་མོལ་ལ་ཡར་སྐུལ་བྱེད་པའི་རེ་འདུན་དྲག་པོ་བྱུང་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།