ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ནས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་ཉེར་གཉིས་ལ་ཤི་རྨས་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

09d61c284743f9fd19f523cb96159e7b.jpg

ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན། ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་ནས། བདེ་འཇགས་མི་སྣས་འཇབ་རྒོལ་ཐེབས་པའི་བརྙན་འཕྲིན་ཁང་གི་ཉེ་འདབས་སུ་བཀག་སྡོམ་བྱེད་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གསར་འགྱུར་ལས་རིགས་ཀྱིས་ཚེས་བདུན་ཉིན་བདེན་དཔང་བྱས་དོན། ཨ་ཧྥུའུ་ཧན་གྱི་ཧྲ་མུའུ་ཧྲ་ཏི་བརྙན་འཕྲིན་ཁང་གི་ཁཱ་པོར་གྲོང་ཁུལ་དུ་གནས་པའི་གཞུང་སྒྲུབ་ཁང་ལ་ཉིན་དེར་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། བུད་མེད་གཅིག་དང་བཅས་པའི་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཉི་ཤུ་ལ་རྨས་ཕོག་ཟེར།

བསྒྲགས་པ་ལྟར་ན། འཇབ་རྒོལ་དོན་རྐྱེན་དེ་ཚེས་བདུན་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་ཞེ་ལྔ་ཡས་མས་སུ་བྱུང་བ་དང་། དྲག་ཆས་ཉེས་ཅན་གཉིས་བདེ་འཇགས་མི་སྣར་བརྫུས་ཏེ་བརྙན་འཕྲིན་ཁང་དེའི་གཞུང་སྒྲུབ་ཐོག་ཁང་ཆེན་མོར་ཤོར་ཡོང་ནས་ལས་བྱེད་མི་སྣར་མེ་མདས་བརྒྱབ་པར་མ་ཟད། བརྙན་འཕྲིན་ཁང་གི་བདེ་སྲུང་མི་སྣའི་བར་འཁྲུག་རྩོད་བྱས་པ་རེད།

བརྙན་འཕྲིན་ཁང་དེའི་ལེ་ཚན་གྱི་འགན་ཁུར་བ་ཞིག་གིས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་བྱུང་སྐབས་བྱ་བ་ལས་བཞིན་པའི་སྐབས་ཡིན་པས། ལས་བཟོ་བ་རེ་འགའ་སྒེའུ་ཁུང་ལས་ཕྱིར་མི་འབྲོ་ཐབས་མེད་བྱུང་། ཐེངས་འདིའི་འཇབ་རྒོལ་ནི་གསར་འགྱུར་ལས་རིགས་ལ་མངོན་སུམ་འཛེམ་མེད་དུ་དཀྲུག་འཕེན་བྱེད་པའི་བྱ་སྤྱོད་ཅིག་རེད་ཟེར།

མིག་སྔར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།