ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་གྱིས་ཨ་མེ་རི་ཁ་དང་ཧྥུན་ལན་གྱི་འགོག་སྲུང་མཉམ་ལས་དེ་ཡོ་རོབ་གླིང་བྱང་མ་ས་ཁུལ་གྱི་གཏན་འཇགས་ལ་ཕན་ཐོགས་ཡོད་པར་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥུན་ལན་གྱི་ཙུང་ཐུང་ནེ་ནེ་སི་ཐའོ་ཡིས་ཚེས་དྲུག་ཉིན་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་མཱ་ཏིས་སི་དང་གྲོས་མོལ་བྱས། དབྱེ་ཞིབ་པས་བལྟས་ན། ཨ་མེ་རི་ཁས་ཡོ་རོབ་གླིང་བྱང་མའི་རྒྱལ་ཁབ་བར་གྱི་ས་ཁུལ་འགོག་སྲུང་མཉམ་ལས་ཐད་སྔར་ལས་ཤུགས་སྣོན་བྱེད་འདོད་ཡོད་ཟེར།

ནེ་ནེ་སི་ཐའོ་ཡིས་གྲོས་མོལ་བྱས་རྗེས་བསྟན་དོན། ཕྱོགས་གཉིས་ཀྱིས་ཇི་ལྟར་འཛམ་གླིང་གི་ཞི་བདེ་སྲུང་འཛིན་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཡོད་ཟེར།

མཱ་ཏིས་སི་ཡིས་ཧྥུན་ལན་གྱི་འགོག་སྲུང་སྲིད་ཇུས་བཟང་བོར་གཟེངས་བསྟོད་བྱས་པ་དང་། ཨ་མེ་རི་ཁ་དང་ཧྥུན་ལན་གྱི་འགོག་སྲུང་མཉམ་ལས་དེ་ཡོ་རོབ་གླིང་བྱང་མ་ས་ཁུལ་གྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཡོད་པར་འདོད། ཁོས་ད་རུང་ཧྥུན་ལན་གྱིས་འདྲེས་སྦྱོར་འཇིགས་ཉེན་ངོ་རྒོལ་ལྟེ་གནས་འཛུགས་པར་བཀའ་དྲིན་ཞུས་པ་དང་། ཧྥུན་ལན་གྱིས་དུས་རབས་ཀྱི་རེ་བ་དང་མཐུན་པའི་ལས་ཁུངས་ཤིག་གསར་འཛུགས་བྱས་པ་རེད་ཟེར།

ཧྥུན་ལན་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་གི་འགོག་སྲུང་ཆེད་མཁས་པ་ཕཱ་སི་ཐི་ནཱ་ཁི་ཡིས་བལྟས་ན། ཨ་མེ་རི་ཁ་དང་ཧྥུན་ལན་གྱི་འགོག་སྲུང་མཉམ་ལས་དེ་ཨ་མེ་རི་ཁར་སྔར་ལས་གལ་འགངས་ཆེ་བ་དང་། ཨ་མེ་རི་ཁས་ཧྥུན་ལན་ལ་གང་ནུས་ཀྱི་རོགས་རམ་འདོན་སྤྲོད་བྱས་ཏེ། ཧྥུན་ལན་གྱིས་ས་ཁུལ་གནས་བབ་ཐག་གཅོད་བྱེད་པའི་ནུས་པ་ལྡན་པར་འགན་སྲུང་བྱེད་རྒྱུ་རེད་ཟེར།

མཱ་ཏིས་སི་ཚེས་ལྔ་ཉིན་ཧྥུན་ལན་དུ་འབྱོར་ནས། བྱང་ཆིངས་རྩ་འཛུགས་དང་ཡོ་རོབ་གླིང་བྱང་མ་ས་ཁུལ་གྱི་འགོག་སྲུང་བདེ་འཇགས་ཀྱི་གྲོས་ཚོགས་རབ་དང་རིམ་པར་ཞུགས། ཚེས་བདུན་ཉིན་ཁོས་ཧྥུན་ལན་གྱི་རྒྱལ་སྲུང་བློན་ཆེན་ནེ་ནེ་སི་ཐི་དང་། སུའེ་ཏེན་གྱི་རྒྱལ་སྲུང་བློན་ཆེན་ཧུའུ་ཨར་ཐི་ཁོས་སི་ཐི་གཉིས་དང་མཉམ་དུ་གྲོས་མོལ་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།