བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེན་རྟོག་པའི་ཞི་བདེ་སྲུང་སྐྱོབ་སོགས་ཐད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་དྲུག་ཉིན་གྲོས་ཚོགས་བསྡུས་ཏེ། ཞི་བདེ་སྲུང་སྐྱོབ་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ལཱ་ཁི་ལུའུ་ཝ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱི་ཉེན་རྟོག་ལས་དོན་གྱི་འགན་ཁུར་བའི་སྙན་ཞུ་ལ་ཉན། གྲོས་ཚོགས་ནས་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེན་རྟོག་པའི་ཞི་བདེ་སྲུང་སྐྱོབ་དང་། ཞི་བདེ་འཛུགས་སྐྲུན། འཕེལ་རྒྱས་བཅས་ཀྱི་ཁྲོད་ཀྱི་ནུས་པ་གལ་ཆེན་ཇེ་དྲག་ཏུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ལཱ་ཁི་ལུའུ་ཝ་ཡིས་གྲོས་ཚོགས་སྟེང་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེན་རྟོག་པས་འཁྲུག་རྩོད་སྔོན་འགོག་དང་ཞི་བདེ་སྲུང་སྐྱོབ། ཞི་བདེ་དང་འཕེལ་རྒྱས་འཛུགས་སྐྲུན་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཁོང་གོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་དང་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ནས། སུའུ་ཏན་ལྷོ་མ་དང་ཧེ་ཐི་སོགས་རྒྱལ་ཁབ་གང་ཡིན་ཡང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེན་རྟོག་པས་རྒྱལ་ཁབ་དེ་དག་གི་ཉེན་རྟོག་ལས་དོན་གྱི་བཅོས་བསྒྱུར་དང་བར་བརྒལ་དུས་རིམ་གྱི་ཉེན་དོན་ཞབས་ཞུ་ལ་ཤུགས་ཆེན་པོའི་རྒྱབ་སྐྱོར་འདོན་སྤྲོད་བྱས་ཡོད་ཟེར།

ལཱ་ཁི་ལུའུ་ཝ་ཡིས་བསྟན་དོན། འཁྲུག་རྩོད་མཇུག་སྒྲིལ་རྗེས་ཀྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཉེན་རྟོག་ལས་དོན་གྱི་ནུས་པའི་གྲོས་གཞི་སོགས་ཀྱི་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེན་རྟོག་པས་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཉེན་རྟོག་པར་གཞི་རྩའི་རྩ་ནུས་གསོ་སྦྱོང་འདོན་སྤྲོད་བྱས་པར་མ་ཟད། མགྲོན་བདག་རྒྱལ་ཁབ་ཀྱི་ཉེན་རྟོག་ལས་ཁུངས་ཀྱི་འཛུགས་སྐྲུན་ཐད་འབད་བརྩོན་བྱས། ཞོར་དུ་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ཐད་ལའང་ཐུན་མོང་མ་ཡིན་པའི་ནུས་པ་གལ་ཆེན་འདོན་བཞིན་ཡོད་ཟེར།

ལཱ་ཁི་ལུའུ་ཝ་ཡིས་ད་རུང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེན་རྟོག་པས་སྔར་ལས་མང་བའི་བུད་མེད་ཉེན་རྟོག་པ་བསྡུས་ནས་ཞི་བདེ་སྲུང་སྐྱོབ་ཀྱི་འགུལ་སྐྱོད་ནང་ཞུགས་ཏེ། བུད་མེད་དག་རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོབ་ལས་དོན་ནང་ཞུགས་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་ཟེར། ཁོས་ད་རུང་བསྟན་དོན། མིག་སྔར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེན་རྟོག་པའི་ཁྲོད་མགོ་ཁྲིད་ལས་འགན་ཁུར་བའི་བུད་མེད་ཀྱི་ཁ་གྲངས་ཅུང་ཉུང་བས། ཁོངས་གཏོགས་རྒྱལ་ཁབ་དག་གིས་སྔར་ལས་མང་བའི་བུད་མེད་མཚམས་སྦྱོར་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེན་རྟོག་པའི་མཐོ་རིམ་ལས་འགན་ཁུར་དུ་འཇུག་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཧེ་ཐིའི་ཁྲིམས་འཛིན་ཡན་ལག་རོགས་སྐྱོར་ཚོགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་ཕྱོགས་བསྡུས་གཏན་འཇགས་ཆེད་མངག་ཚོགས་པ། ཨ་ཧྥེ་རི་ཁ་མནའ་འབྲེལ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཏཱ་ཨར་ཧྥུའུ་ཨར་འདྲེས་སྦྱོར་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱི་ཉེན་རྟོག་ལས་དོན་གྱི་འགན་ཁུར་བ་སོགས་ཀྱིས་ཀྱང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེན་རྟོག་པས་རྒྱལ་ཁབ་དེ་དག་ནས་སྤེལ་བའི་བྱ་བ་དང་བླངས་པའི་གྲུབ་འབྲས་སོགས་མཚམས་སྦྱོར་བྱས།

ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེན་རྟོག་གཟའ་འཁོར་ཞེས་པའི་བྱ་འགུལ་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་སྤེལ་མགོ་བརྩམས།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།