ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་དང་ཐི་ལིང་ཕུའུ་གཉིས་ཀྱིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་སྐབས་སུ་གྲོས་མོལ་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་གསུམ་ཉིན་བཤད་རྒྱུར། ཨུ་རུ་སི་ཡིས་ཨ་མེ་རི་ཁའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་གཟའ་འཁོར་རྗེས་མའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ལ་ཞུགས་སྐབས་གྲོས་མོལ་བྱེད་པར་བཀོད་སྒྲིག་བྱེད་བཞིན་ཡོད་ཟེར།

ཁི་ལི་མུའུ་ལིན་ཕོ་བྲང་གི་མགྲིན་ཚབ་པ་ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་གནས་ཚུལ་དེ་བདེན་དཔང་བྱེད་སྐབས། ཨུ་རུ་སི་དང་ཨ་མེ་རི་ཁའི་མགོ་ཁྲིད་པའི་བར་གྱི་རྒྱལ་སྤྱིའི་ལས་དོན་གང་རུང་ཐད་ཀྱི་འབྲེལ་འདྲིས་གང་ཡིན་ཡང་གལ་འགངས་ཧ་ཅང་ཆེ་ཟེར།

ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་དེ་གཟའ་འཁོར་རྗེས་མར་ཡོ་ནན་གྱི་ཞན་ཀང་ནས་སྤེལ་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་གཉིས་ཉིན་གྱི་དགོང་མོར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཁོས་ཞན་ཀང་གྲོས་ཚོགས་སྐབས་སུ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་བྱེད་སྲིད་ཟེར། ཁོས་བཤད་རྒྱུར། ཕུའུ་ཅིན་ཧ་ཅང་གལ་ཆེན་ཡིན། ཁྲའོ་ཞན་ཕྱེད་གླིང་དང་སི་རི་ཡཱའི་གནད་དོན་ཐད་ཨུ་རུ་སིའི་ཕྱོགས་ཀྱིས་ང་ཚོར་རོགས་རམ་བྱེད་ཐུབ་པས་ཡིན་ལ། ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་ཀྱང་ཝུའུ་ཁི་ལན་གནད་དོན་ལའང་གྲོས་མོལ་བྱེད་དགོས་ཟེར།   །

 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།