ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དྲག་ཆས་འཁྲུག་རྩོད་ཁྲོད་བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་པ་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇག་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་ཀྲུའུ་ཞིའི་གསལ་སྒྲོག་སྤེལ་ཏེ། དྲག་ཆས་འཁྲུག་རྩོད་ཁྲོད་བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།

གསལ་སྒྲོག་ལས་འཁྲུག་རྩོད་ཕྱོགས་ཁག་སོ་སོས་བདེ་འཇགས་དང་དུས་ལྟར། བཀག་རྒྱ་མེད་པའི་སྒོ་ནས་བྱིས་པར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པར་ཆོག་མཆན་འགོད་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་ཁུངས་དང་དེའི་མཉམ་ལས་ཕྱོགས་ཀྱི་བྱ་བར་བརྩི་འཇོག་བྱེད་དགོས་པའི་སྐུལ་མ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དྲག་ཆས་འཁྲུག་རྩོད་ཕྱོགས་ཀྱིས་བྱིས་པ་དག་དྲག་ཆས་པའི་ནང་བསྡུ་ལེན་བྱས་ཏེ་བེད་སྤྱོད་བྱེད་པ་དང་། བྱིས་པ་དམར་གསོད་དང་། བཙན་གཡེམ། བཙན་ཁྲིད་བཅས་བྱེད་པ། སློབ་གྲྭ་དང་སྨན་ཁང་སོགས་ལ་འཇབ་རྒོལ་བྱེད་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་ཡོད་ལ། འཁྲུག་རྩོད་ཕྱོགས་ཁག་སོ་སོས་མྱུར་མོར་བྱེད་ཐབས་དེ་དག་མཚམས་བཞག་ནས་དམིགས་བསལ་གྱི་བྱེད་ཐབས་སྤྱད་དེ་བྱིས་པར་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར།

གསལ་སྒྲོག་ལས་ནན་གྱིས་བསྟན་དོན། དྲག་ཆས་འཁྲུག་རྩོད་ཕྱོགས་ཁག་གིས་ངེས་པར་དུ་རྒྱལ་སྤྱིའི་ཁྲིམས་སྲོལ་ཁྲོད་གཏན་འཁེལ་བྱས་པའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་བྱིས་པར་སྲུང་སྐྱོབ་བྱེད་པའི་འོས་འགན་བརྩི་སྲུང་ནན་མོ་བྱེད་དགོས་ཟེར།

གསལ་སྒྲོག་ལས་ནན་གྱིས་བསྟན་དོན། བྱིས་པ་སུ་ཡིན་ཡང་ཁྲིམས་འགལ་དང་བསམ་བཞིན་དུ་དེའི་རང་དབང་འཕྲོག་མི་རུང་ཟེར། གསལ་སྒྲོག་ལས་འཁྲུག་རྩོད་ཕྱོགས་ཁག་སོ་སོས་བྱིས་པ་བཙོན་དུ་འཇུག་པ་གཏན་འགོག་དང་། བྱིས་པར་མནར་གཅོད་དང་མི་ཆོས་དང་མི་མཐུན་པའི་ཆད་གཅོད་གཞན་པ་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ནན་གྱིས་བསྟན་དོན། ངེས་པར་དུ་དྲག་ཆས་འཁྲུག་རྩོད་ཀྱི་ཤུགས་རྐྱེན་ཐེབས་པའི་བྱིས་པར་དུས་ལྟར་ལུགས་མཐུན་གྱི་རོགས་སྐྱོར་འདོན་སྤྲོད་བྱས་ཏེ། ཁོ་ཚོ་ཡང་བསྐྱར་སྤྱི་ཚོགས་སུ་ཞུགས་པ་དང་རྒྱུན་ལྡན་གྱི་འཚོ་བ་སླར་གསོ་བྱེད་པར་རོགས་རམ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།