ཨ་མེ་རི་ཁའི་དཔོན་རིགས་ཀྱིས་ཐི་ལིང་ཕུའུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་ན་བཀག་སྡོམ་བྱེད་ཐབས་སླར་གསོ་བྱེད་ངེས་པར་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་མཐོ་རིམ་དཔོན་པོས་ཚེས་ལྔ་ཉིན་བསྟན་དོན། ཐི་ལིང་ཕུའུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་དེ། གྲོས་མཐུན་དེ་རྒྱལ་ཚོགས་ལ་ཕྱིར་སྤྲོད་རྒྱུ་མ་ཟད། བཀག་སྡོམ་བྱེད་ཐབས་སླར་གསོ་བྱེད་ངེས་ཡིན་ཟེར།

དཔོན་པོ་དེས་བསྟན་དོན། ཚོད་དཔག་བྱས་ན་ཐི་ལིང་ཕུའུ་ཡིས་གཟའ་འཁོར་རྗེས་མའི་གཏམ་བཤད་ཅིག་གི་ཁྲོད་ཁོའི་འཆར་གཞི་ཁྱབ་སྒྲོག་བྱེད་རྒྱུ་ཡིན་པ་དང་། ཁོས་གྲོས་མཐུན་དེ་ཨ་མེ་རི་ཁའི་རྒྱལ་ཁབ་ཁེ་ཕན་དང་མི་འཚམ་པའི་ཚུལ་སྟོན་ངེས་རེད་ཟེར།

བསྒྲགས་པ་ལྟར་ན། བྱ་སྤྱོད་དེ་ལས་ཉིས་སྟོང་བཅོ་ལྔ་ལོར་བཀོད་པའི་གྲོས་མཐུན་དེ་རྩིས་མེད་དུ་གཏོང་བ་མ་ཡིན་པར་ཕྱིར་རྒྱལ་ཚོགས་ལ་སྤྲོད་རྒྱུ་རེད། གྲོས་མི་ཚོས་ཉིན་དྲུག་ཅུའི་ནང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ལག་བསྟར་བྱེད་མཚམས་འཇོག་ཏུ་བཅུག་པའི་བཀག་སྡོམ་བྱེད་ཐབས་སླར་གསོ་བྱེད་མིན་ཐག་གཅོད་བྱེད་རྒྱུ་རེད་ཟེར།

དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཡང་བསྐྱར་གྲོས་མོལ་བྱེད་པ་དེ་གདམ་གསེས་མིན་པའི་ཚུལ་བསྟན་ཡང་། ཐི་ལིང་ཕུའུ་ཡི་ཕྱིར་འབུད་པའི་བྱེད་ཐབས་ལས་ཡང་བསྐྱར་གྲོས་མོལ་བྱེད་པར་སྒོ་གླེགས་ཕྱེས་ཡོད་པར་འདོད།

རྒྱུས་ལོན་བྱུང་བ་ལྟར་ན། ཐི་ལིང་ཕུའུ་སྲིད་གཞུང་གིས་ངེས་པར་དུ་ཉིན་དགུ་བཅུའི་ནང་དབྱི་ལིང་གིས་གྲོས་མཐུན་ལག་བསྟར་བྱེད་མིན་ཁྱབ་སྒྲོག་བྱེད་དགོས་པ་དང་། ཁོས་ཐེངས་རྗེས་མའི་ཁྱབ་སྒྲོག་བྱས་པའི་ཡུན་ཚད་ནི་ཟླ་བཅུ་བའི་ཚེས་བཅོ་ལྔའི་ཉིན་བར་རེད།

དབྱི་ལིང་གིས་མིག་སྔའི་བར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་བརྩི་སྲུང་བྱས་པར་བཤད་ཀྱང་། ཕོ་བྲང་དཀར་པོས་དབྱི་ལིང་གྲོས་མཐུན་གྱི་དགོངས་པ་དང་འགལ་ཡོད་པར་སྐྱོན་འཛུགས་བྱས། ཐི་ལིང་ཕུའུ་ཡིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནི་ཕྱོགས་གཅིག་གི་གྲོས་མཐུན་ཡིན་པ་དང་། དེས་དབྱི་ལིང་ལ་ཁེ་ཕན་གང་མང་བསྩལ་ཡོད་པར་སྐྱོན་བརྗོད་བྱས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།