ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་དང་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོས་གློ་བུར་དུ་ཨ་ཧྥུའུ་ཧན་ལ་འཚམས་འདྲི་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་མཱ་ཏིས་སི་དང་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཚེས་ཉེར་བདུན་ཉིན་གློ་བུར་དུ་ཨ་ཧྥུའུ་ཧན་ལ་འཚམས་འདྲི་བྱས། དེ་ནི་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཟླ་བརྒྱད་པར་ཨ་ཧྥུའུ་ཧན་གྱི་འཐབ་འཁྲུག་གི་འཐབ་ཇུས་གསར་བ་ཁྱབ་སྒྲོག་བྱས་པའི་ཚུན་ལ། ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་གྱིས་ཐོག་དང་པོར་ཨ་ཧྥུའུ་ཧན་དུ་འཚམས་འདྲི་བྱས་པ་རེད།

མཱ་ཏིས་སི་དང་སི་ཐའོ་ཨར་ཐིན་པེ་ཀི་གཉིས་ཀྱིས་བྱང་ཆིངས་རྩ་འཛུགས་ཀྱི་མཉམ་འབྲེལ་དམག་དཔུང་གི་སྤྱི་ཁྱབ་པུའུ་ལ་ལྟ་སྐོར་བྱས་རྗེས། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་དང་གྲོས་མོལ་བྱས། གྲོས་མོལ་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་མཱ་ཏིས་སི་ཡིས་བསྟན་དོན། ཨ་མེ་རི་ཁའི་དམག་དཔུང་གིས་ཨ་ཧྥུའུ་ཧན་ལ་དམག་མི་ཁ་སྣོན་བྱེད་པའི་མི་གྲངས་གསལ་བོར་མི་ཤེས་ཀྱང་། ཨ་མེ་རི་ཁས་མུ་མཐུད་དུ་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་ལ་ཁེ་ཕན་མང་བོ་བསྐྲུན་རྒྱུ་ཡིན་ཟེར།

སི་ཐའོ་ཨར་ཐིན་པེ་ཀི་ཡིས་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱིས་ཨ་མེ་རི་ཁའི་ཨ་ཧྥུའུ་ཧན་གྱི་འཐབ་ཇུས་གསར་བར་དགའ་བསུ་ཞུ་བཞིན་ཡོད་པ་དང་། ཐཱ་ལེ་པན་ཕྱོགས་ཀྱིས་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ད་རུང་ཁྱབ་སྒྲོག་བྱས་དོན། བྱང་ཆིངས་རྩ་འཛུགས་ཀྱིས་ཉིས་སྟོང་ཉི་ཤུ་ལོའི་བར་ལོ་རེར་ཨ་ཧྥུའུ་ཧན་དམག་ཕྱོགས་ལ་མེ་སྒོར་ཐེར་འབུམ་གཅིག་གི་རོགས་སྐྱོར་འདོན་སྤྲོད་བྱས་ཏེ། ཨ་ཧྥུའུ་ཧན་ཕྱོགས་ཀྱིས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བར་རོགས་རམ་བྱེད་རྒྱུ་ཡིན་ཟེར།

ཅཱ་ནེ་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་ཀྱང་ཨ་མེ་རི་ཁ་ལྟར་དུ་དམག་མི་ཁ་སྣོན་བྱེད་པར་རེ་བ་བྱས་ཡོད་ཟེར།

ཉིན་དེར་མཱ་ཏིས་སི་དང་སི་ཐའོ་ཨར་ཐིན་པེ་ཀི་གཉིས་ཁཱ་པོར་དུ་འབྱོར་ནས་དུས་ཚོད་འགའ་འགོར་རྗེས། ཁཱ་པོར་རྒྱལ་སྤྱིའི་གནམ་གྲུ་ཐང་གི་སྒོ་ཆེན་ཉེ་འདབས་ནས་མེ་ཤུགས་འཕུར་མདའི་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་ལ་རྨས་ཕོག དེའི་རྗེས་སུ་བདེ་འཇགས་དམག་དཔུང་གིས་དྲག་ཆས་ཉེས་ཅན་གསུམ་བསད། ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་དྲག་ཆས་པས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་པར་མ་ཟད། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཀྱང་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།