ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་དང་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་གྱིས་རྒྱལ་ཁབ་གཉིས་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་དང་འགོག་སྲུང་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་གྱི་བུད་མེད་རྒྱལ་སྲུང་བློན་ཆེན་ཞི་ཐཱ་ལཱ་མན་གྱིས་ཚེས་ཉེར་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་མཱ་ཏིས་སི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་རྒྱ་གར་དང་ཨ་མེ་རི་ཁའི་འཐབ་ཇུས་རྒྱལ་སྲུང་གྲོགས་པོའི་འབྲེལ་བ་དུས་རིམ་གསར་བ་ཞིག་ཏུ་བསླེབ་བཞིན་ཡོད་ཟེར། 

ཞི་ཐཱ་ལཱ་མན་གྱིས་གྲོས་མོལ་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་བློན་ཆེན་གྱིས་ཉིན་དེར་ཕྱོགས་གཉིས་ཀྱི་རྒྱལ་སྲུང་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ནས་གྲོས་མོལ་བྱས། ང་ཚོས་ས་ཁུལ་གྱི་གནས་བབ་དང་ཇེ་སྡུག་ཏུ་འགྲོ་བཞིན་པའི་རྒྱལ་ཁོངས་བརྒལ་བའི་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་ཨ་ཧྥུའུ་ཧན་གྱི་གནད་དོན་ཐད་ནས་མཐུན་སྦྱོར་མཉམ་ལས་བྱེད་རྒྱུ་ཡིན་ཟེར།

མཱ་ཏིས་སི་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། རྒྱ་གར་གྱིས་ཨ་ཧྥུའུ་ཧན་གྱི་གཏན་འཇགས་ཐད་བཞག་པའི་བྱས་རྗེས་ལ་གཟེངས་བསྟོད་བྱས་པ་དང་། རྒྱ་གར་དང་ཨ་མེ་རི་ཁས་མཉམ་དུ་འབད་བརྩོན་བྱས་ནས་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་སེལ་རྒྱུ་ཡིན་ཟེར། 
དེ་ལས་གཞན་ཞི་ཐཱ་ལཱ་མན་དང་མཱ་ཏིས་སི་གཉིས་ཀྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་ད་རུང་གྲོས་མོལ་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱི་མ་འོངས་པའི་མཚོན་ཆའི་ཉོ་ཚོང་དང་དམག་དོན་བཟོ་ལས་ལག་རྩལ་མཉམ་ལས་ལ་གྲོས་བསྡུར་བྱས་པ་རེད།

མཱ་ཏིས་སི་ནི་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་དྷི་ལེ་གསར་བ་རུ་འབྱོར་ནས་རྒྱ་གར་ལ་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད། དེ་ནི་ཐི་ལིང་ཕུའུ་སྲིད་གཞུང་གི་རྒྱ་གར་ལ་འཚམས་འདྲི་བྱས་པའི་ནེ་ཀིའི་ཁོངས་མི་ཐོག་མ་རེད། འགྲུལ་བཞུད་ཀྱི་བཀོད་སྒྲིག་ལྟར་ན། མཱ་ཏིས་སི་ཡིས་ད་རུང་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་ཐུག་འཕྲ་བྱེད་རྒྱུ་མ་ཟད། རྒྱལ་ཁབ་བདེ་འཇགས་ཀྱི་བློ་འདོན་པ་ཏའོ་ཝ་ཨར་དང་གྲོས་མོལ་བྱེད་རྒྱུ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།