ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱིས་བྱེད་ཐབས་སྤྱད་དེ་ཟས་རིགས་བདེ་འཇགས་གནད་དོན་ཐག་གཅོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཚེས་ཉེར་དྲུག་ཉིན་མཐོ་རིམ་གྲོས་ཚོགས་ཤིག་གི་སྟེང་བྱེད་ཐབས་ནུས་ལྡན་སྤྱད་དེ་ཟས་རིགས་བདེ་འཇགས་གནད་དོན་ཐག་གཅོད་བྱེད་པར་གྲོས་འཆམ་བྱུང་།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་གསལ་སྒྲོག་ལྟར་ན། ཐེངས་འདིའི་གྲོས་ཚོགས་ནི་གཙོ་བོ་དེའི་སྔོན་ཡོ་རོབ་གླིང་ནས་བྱུང་བའི་ཧྥོ་ཁྲོན་ཅིན་གྱི་སྦགས་བཙོག་ཐེབས་པའི་དུག་ལྡན་སྒོ་ངའི་དོན་རྐྱེན་ལ་དམིགས་ཏེ་བསྡུས་པ་རེད། ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཚོགས་ཐོག་ནས་བྱེད་ཐབས་བཅུ་དགུ་ལ་ཐུན་མོང་གི་ལྟ་ཚུལ་བྱུང་།

བྱེད་ཐབས་བཅུ་དགུ་བོ་དེའི་དམིགས་ཡུལ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། ཟས་རིགས་བདེ་འཇགས་ཀྱི་གནད་དོན་བྱུང་སྐབས། ཁོངས་གཏོགས་རྒྱལ་ཁབ་དག་གིས་དུས་ལྟར་གནས་ཚུལ་དེ་ཟས་རིགས་དང་གཟན་ཆས་མྱུར་མོར་ཉེན་བརྡ་གཏོང་བའི་མ་ལག་ལ་སྙན་ཞུ་བྱས་ནས། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་མཐུན་སྦྱོར་འོག་ཏུ་མཉམ་འབྲེལ་གྱིས་ཉམས་ཉེན་ཐག་གཅོད་བྱེད་པར་སྟབས་བདེ་བཟོ་དགོས། བྱེད་ཐབས་དེ་ལས་ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་དང་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་བར་གྱི་མཐུན་སྦྱོར་བྱ་བའི་གལ་ཆེན་རང་བཞིན་ནན་བཤད་བྱས།

དུག་ལྡན་སྒོ་ངའི་དོན་རྐྱེན་ནི་ད་ལོའི་ཟླ་དྲུག་པའི་ཟླ་མགོར་པུ་ལི་ཧྲི་ཡིས་ཐེར་འདོན་བྱས་པ་ཡིན་ཞིང་། རྒྱལ་ཁབ་དེའི་ཟས་རིགས་བདེ་འཇགས་ཅུའུ་ཡིས་ཤེས་པ་ལྟར་ན། ཧི་ལན་ནས་ནང་འདྲེན་བྱས་པའི་སྒོ་ངའི་ནང་ཧྥོ་ཁྲོན་ཅིན་ཞེས་པའི་རྫས་འགྱུར་གྲུབ་ཆ་ཡོད་པ་རེད། དེའི་རྗེས་སུ་དུག་ལྡན་སྒོ་ངའི་དོན་རྐྱེན་དེ་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་བཞི་བཅུ་ལྷག་ལ་མཆེད་པ་དང་། དེའི་ནང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་དྲུག་ཡོད།

ཧྥོ་ཁྲོན་ཅིན་ནི་ལྗི་བ་དང་ཤིག་སོགས་གནོད་འབུ་གསོད་བྱེད་ཅིག་ཡིན་པ་དང་། གལ་ཏེ་མི་ཡིས་མང་དུ་བསྟེན་ན་མཆིན་པ་དང་མཁལ་མའི་བྱེད་ནུས་ལ་གཏོར་བརླག་ཐེབས་སྲིད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མིའི་རིགས་ལ་དུག་ཕོག་རང་བཞིན་ལྡན་པའི་རྫས་འགྱུར་ཐོན་རྫས་ཀྱི་གྲས་སུ་བཞག་ཡོད། ཡོ་རོབ་གླིང་མནའ་འབྲེལ་གྱི་བཅའ་ཁྲིམས་གཏན་འཁེལ་ལྟར་ན། ཧྥོ་ཁྲོན་ཅིན་མིའི་རིགས་ཀྱི་ཟས་རིགས་ལ་འབྲེལ་བའི་ཕྱུགས་ཟོག་གསོ་སྤེལ་ཐད་བཀོལ་མི་རུང་བ་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།