ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་དམངས་གྲོས་ཁང་གཏོར་ནས་སྔ་སྣུར་གྱིས་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་ཐུན་མོང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་ཉེར་ལྔ་ཉིན་དབུ་བཞུགས་བློན་ཆེན་གྱི་བཞུགས་ཤག་ནས་ཁྱབ་སྒྲོག་བྱས་དོན། ཟླ་འདིའི་ཚེས་ཉེར་བརྒྱད་ཉིན་ཏེ་འཇར་པན་སྲིད་གཞུང་གིས་གནས་སྐབས་ཀྱི་རྒྱལ་ཚོགས་མགོ་བརྩམས་ཐག་དམངས་གྲོས་ཁང་གཏོར་ནས་སྔ་སྣུར་གྱིས་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་རེད་ཡིན་ཟེར།

ཐུན་མོང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ཟླ་བཅུ་བའི་ཚེས་བཅུའི་ཉིན་འདེམ་བསྐོའི་སྤྱི་སྒྲོག་སྤེལ་ཏེ། ཟླ་བཅུ་བའི་ཚེས་ཉེར་གཉིས་ཉིན་འདེམ་ཤོག་འཕེན་རྒྱུའི་འཆར་གཞི་ཡོད་པ་རེད།

ཨན་པའེ་ཅིན་སན་གྱིས་བསྟན་དོན། ཉེ་སྔོན་འཇར་པན་རྒྱལ་ཁབ་ཕྱི་ནང་གི་དཀའ་གནད་མང་བོར་འཕྲད་ཡོད་ཅིང་། དམངས་གྲོས་ཁང་གཏོར་ནས་ཡང་བསྐྱར་འདེམ་བསྐོའི་བྱ་འགུལ་སྤེལ་བ་ལས་གནད་དོན་དེ་དག་ཐག་གཅོད་བྱེད་པའི་ནུས་པ་ཐོབ་པར་རེ་ཡོད་ཟེར།

འདེམ་བསྐོའི་གནས་ཚུལ་གླེང་སྐབས་ཨན་པའེ་ཅིན་སན་གྱིས་བསྟན་དོན། ཁོས་གྲོས་ཁང་གི་གྲོས་མིའི་ལས་གནས་ཕྱེད་ཀའི་ཡན་ཐོབ་པ་རྒྱལ་ཁའི་ཚད་གཞིར་བརྩི་ངེས་ཡིན་པ་དང་། གལ་ཏེ་ཕྱེད་ཀའི་ཡན་ལ་མ་བསླེབ་ན། ཁོས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཡིན་ཟེར། དེ་ལས་གཞན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཨན་པའེ་ཅིན་སན་གྱིས་ད་རུང་མ་འོངས་པའི་སྲིད་ཇུས་འདོད་བློ་རེ་འགའ་གླེང་བ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།