ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་གི་རླངས་འཁོར་རུ་ཁག་ལ་འཇབ་རྒོལ་ཐེབས་ཏེ་མི་གསུམ་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ནང་སྲིད་པུའུ་ཡིས་ཚེས་ཉེར་བཞིའི་ཉིན་བདེན་དཔང་བྱས་དོན། ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་གི་རླངས་འཁོར་རུ་ཁག་ལ་ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་ནས་འགས་གཏོར་འཇབ་རྒོལ་ཐེབས་ཏེ། མི་གསུམ་ལ་རྨས་ཕོག་པ་དང་། འཇབ་རྒོལ་མཁན་རྐྱེན་ལམ་དུ་ཤོར་ཟེར།

ཨ་ཧྥུའུ་ཧན་ནང་སྲིད་པུའུ་ཡི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། འཇབ་རྒོལ་མཁན་གྱིས་རླངས་འཁོར་ཆུང་བ་ཞིག་བསྐོར་ནས་ཕྱི་རྒྱལ་གྱི་རླངས་འཁོར་ཞིག་གི་ཉེ་སར་སོང་ནས་འགས་གཏོར་བཏང་སྟེ། ལམ་འགྲོ་བ་གསུམ་ལ་རྨས་ཕོག མིག་སྔར་འཇབ་རྒོལ་ཐེབས་པའི་རླངས་འཁོར་དང་མི་སྣའི་ཤི་རྨས་གནས་ཚུལ་བསྒྲགས་མེད།

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ཁཱ་པོར་ཉེན་སྲུང་ཁུལ་ལྔ་བ་ནས་ཁཱ་ཨར་ཅཱ་མཚོ་འགྲམ་དུ་བགྲོད་སའི་གཞུང་ལམ་སྟེང་བྱུང་བ་དང་། འགས་གཏོར་བྱུང་སར་དུད་ནག་འཕྱུར་བཞིན་ཡོད་ལ། ཉེན་རྟོག་པའི་རླངས་འཁོར་དང་མྱུར་སྐྱོབ་རླངས་འཁོར་མང་བོ་ཅང་མ་འགོར་བར་དོན་རྐྱེན་བྱུང་སར་འབྱོར་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། འཇབ་རྒོལ་ཐེབས་སའི་ཉེ་འདབས་སུ་དམག་དོན་སློབ་གླིང་ཞིག་དང་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གི་དམག་དོན་སྦྱོང་བརྡར་ལྟེ་གནས་གཉིས་ཡོད་པ་རེད། མིག་སྔར་བདེ་འཇགས་དམག་དཔུང་གིས་ས་ཁུལ་དེ་བཀག་སྡོམ་བྱས་ཡོད།

མིག་སྔའི་བར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་གསལ་བོར་མི་ཤེས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།