ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་རྒྱལ་སྲུང་བློན་ཆེན་གྱིས་རྒྱལ་སྲུང་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་མཚམས་འཇོག་མི་སྲིད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་རྒྱལ་སྲུང་བློན་ཆེན་ཧཱ་ཐཱ་མུས་ཀྱིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། རྒྱལ་ཁབ་རེ་འགས་སྔར་བཞིན་འཇིགས་ཉེན་ཡིན་པར་བརྗོད་ན། དབྱི་ལིང་གིས་རྒྱལ་སྲུང་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་མཚམས་འཇོག་མི་སྲིད་ཟེར།

ཧཱ་ཐཱ་མུས་ཀྱིས་ཉིན་དེར་དབྱི་ལིང་གི་འཕུར་མདའ་གསར་བའི་ཐད་ནས་གཏམ་བཤད་སྤེལ་ཏེ། ཧའོ་ལཱ་མུའུ་ཧྲ་ཧི་ཨར་ཞེས་པའི་འཕུར་མདའ་དེ་ནི་འཐབ་ཇུས་ཀྱི་མཚོན་ཆ་ཞིག་ཡིན་པ་དང་། འཕེན་ཚད་རིང་བ་དང་བྱེད་ནུས་ལེགས་ལ། བཀོལ་བདེ་ཡིན་པར་མ་ཟད། དགྲ་བོའི་མཁའ་སྲུང་མ་ལག་བརྒྱུད་དེ་དམིགས་འབེན་ལ་ནོར་འཆུག་མེད་པར་ཆམ་ཕབ་གཏོང་ཐུབ་ཟེར།

ཧཱ་ཐཱ་མུས་ཀྱིས་དབྱི་ལིང་གིས་རྒྱལ་སྲུང་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་མཚམས་འཇོག་མི་སྲིད་ཟེར། ཁོས་བཤད་རྒྱུར། འཕུར་མདའ་དང་བཅས་པའི་དབྱི་ལིང་གི་རྒྱལ་སྲུང་སྟོབས་ཤུགས་ནི་སྔོན་འགོག་རང་བཞིན་ཅན་ཡིན་པ་དང་། དམིགས་ཡུལ་ནི་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་ཐལ་སྤྱོད་ཉེས་ཅན་གྱི་བྱ་སྤྱོད་སྔོན་འགོག་བྱེད་པའི་ཆེད་ཡིན་ཟེར།

དབྱི་ལིང་རྒྱལ་ཁབ་རྒྱང་སྒྲོག་ཀུང་ཟི་ཡིས་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་བརྙན་རིས་སྤེལ་བ་ལྟར་ན། དབྱི་ལིང་གིས་ཧའོ་ལཱ་མུའུ་ཧྲ་ཧི་ཨར་ཞེས་པའི་རྣམ་པ་གསར་བའི་འཕུར་མདའ་བདེ་བླག་ངང་གཏོང་འཕེན་བྱས་པ་རེད། རྣམ་པ་གསར་བའི་འཕུར་མདའ་དེ་ནི་ཚེས་ཉེར་གཉིས་ཉིན་དམག་གཟིགས་མཛད་སྒོའི་སྟེང་ཐོག་མར་ཀུན་གྱི་མིག་མདུན་དུ་ངོམས་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།