ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་ཧྥ་རན་སིའི་ཙུང་ཐུང་གིས་ཕཱ་རེ་སིའི་གྲོས་ཆོད་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཅོ་བརྒྱད་ཉིན་ཉིག་ཡོ་གྲོང་ཁྱེར་ནས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་ཐུག་འཕྲད་བྱས་ཏེ། ཕཱ་རེ་སིའི་གྲོས་ཆོད་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་ཀྲུའུ་རིན་ཧུའུ་ཁི་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཐི་ལིང་ཕུའུ་ཡིས་མཱ་ཁི་ལུང་དང་མཉམ་དུ་ཕཱ་རེ་སིའི་གྲོས་ཆོད་ལ་གྲོས་བསྡུར་བྱེད་སྐབས་གྲོས་ཆོད་དེ་འདྲ་མཉམ་མིན་པ་ཡང་དང་བསྐྱར་དུ་ནན་བཤད་བྱས་པ་དང་། དཔལ་འབྱོར་ནས་ཐོན་ལས་དེ་ནས་བཟོ་བ་རིམ་པའི་བར་ཨ་མེ་རི་ཁར་ཤུགས་རྐྱེན་ཐེབས་ངེས་རེད་ཟེར།

ཧུའུ་ཁི་ཡིས་བཤད་རྒྱུར། ཐི་ལིང་ཕུའུ་ཡིས་བལྟས་ན་ཕཱ་རེ་སིའི་གྲོས་ཆོད་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་འབེན་ཐད་ཀྱི་བྱེད་ཐབས་ཆེས་བཟང་བོ་ཞིག་མིན་པ་དང་། གྲོས་ཆོད་དེ་ལས་ཨ་མེ་རི་ཁའི་ཁེ་ཕན་ལ་བསམ་བློ་ཆེར་བཏང་མེད་པར་འདོད། ཐི་ལིང་ཕུའུ་ཡིས་ཧྥ་རན་སི་སོགས་རྒྱལ་ཁབ་གཞན་པ་དང་མཉམ་ལས་བྱས་ཏེ། ལག་རྩལ་དང་སྲིད་ཇུས་གསར་གཏོད་ལ་བརྟེན་ནས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་རེ་སྒུག་བྱས་ཡོད་པའི་ཚུལ་བསྟན་ཟེར།

དེ་ལས་གཞན་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་དེ་ཡང་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་གྲོས་བསྡུར་བྱེད་པའི་གྲོས་གཞི་གཙོ་བོ་ཞིག་ཡིན། ཐི་ལིང་ཕུའུ་ཡིས་བཤད་རྒྱུར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཀྱི་གྲོས་ཆོད་ལ་གནད་དོན་ཆེན་པོ་ཡོད། མིག་སྔར་ཨ་མེ་རི་ཁས་གྲོས་ཆོད་དེ་མུ་མཐུད་དུ་ལག་བསྟར་བྱེད་མིན་ལ་ཞིབ་འཇུག་བྱེད་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།