ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་སང་ལོའི་ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་མཱ་ཡཱ་ཀི་ལི་ཧྲི་ནཱ་ཡིས་ཚེས་བཅོ་བརྒྱད་ཉིན་བདེན་དཔང་བྱས་དོན། ཉིས་སྟོང་བཅོ་བརྒྱད་ལོའི་ཨུ་རུ་སིའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན་སྤེལ་རྒྱུ་ཡིན་ཟེར།

ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཕྱོགས་གསུམ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་བདུན་ཉིན་ཉིས་སྟོང་བཅོ་བརྒྱད་ལོའི་ངལ་གསོ་ཉིན་མོའི་བཀོད་སྒྲིག་གྲོས་གཞིར་ཆོག་མཆན་བཀོད། སང་ལོའི་ཟླ་གསུམ་པའི་ཚེས་བརྒྱད་ནས་ཚེས་བཅུ་གཅིག་ཉིན་བར་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ངལ་གསོའི་ཉིན་མོ་ཡིན་པས། ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཙུང་ཐུང་འདེམ་བསྐོའི་ཉིན་མོ་དེ་གཟའ་འཁོར་གཅིག་གི་རྗེས་ཀྱི་ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན་གཏན་འཁེལ་བྱས་པ་རེད། ཨུ་རུ་སིའི་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་འདེམ་བསྐོའི་ཉིན་མོ་དེ་འདེམ་བསྐོ་མ་བྱས་སྔོན་གྱི་ཉིན་དགུ་བཅུ་ནས་ཉིན་བརྒྱའི་ནང་གཏན་འཁེལ་བྱས་ཡོད། ཐེངས་སྔོན་མའི་ཙུང་ཐུང་འདེམ་བསྐོ་ཟླ་འདིའི་གཟའ་འཁོར་གཉིས་པར་བསྡུས་པ་རེད།

ཨུ་རུ་སིའི་ས་གནས་འདེམ་བསྐོའི་མཇུག་འབྲས་དེ་ཟླ་འདིའི་ཚེས་བཅུ་གཅིག་ཉིན་ཁྱབ་སྒྲོག་བྱས་པ་དང་། སྲིད་འཛིན་ཏང་གཅིག་གྱུར་ཨུ་རུ་སི་ཏང་གིས་མིང་བཏོན་པའི་འདེམ་སྒུག་མི་སྣར་རྒྱལ་ཁ་ཐོབ། གཅིག་གྱུར་ཨུ་རུ་སི་ཏང་གི་སྤྱི་ཁྱབ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ནེ་ཝེ་ལོ་ཧྥུའུ་ཡིས་ཉེ་སྔོན་བསྟན་དོན། ཏང་དེས་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན་གྱི་རྗེས་སུ་ཏང་གི་འཐུས་མིའི་ཚོགས་ཆེན་བསྡུ་བའི་དུས་ཚོད་གཏན་འཁེལ་བྱེད་རྒྱུའི་འཆར་གཞི་ཡོད་པ་དང་། ཚོད་དཔག་བྱས་པ་ལྟར་ན་ཏང་གི་འཐུས་མིའི་ཚོགས་ཆེན་སྟེང་ཏང་དེའི་ཙུང་ཐུང་གི་འདེམ་སྒུག་མི་སྣ་བདམས་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།