ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཙུང་ཐུང་གིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་བརྩི་སྲུང་བྱེད་པར་སྐུལ་མ་གཏོང་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་བཅུ་དྲུག་ཉིན་ཏི་ཧེ་ལན་ནས་པུ་ལི་ཧྲིའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་དཔོན་པུའུ་ལཱ་ཁི་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་བརྩི་སྲུང་བྱེད་པར་སྐུལ་མ་གཏོང་དགོས་པའི་རེ་བ་བཏོན།

ལུའུ་ཧཱ་ནེ་ཡིས་བཤད་རྒྱུར། ཐོག་མར་ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་ལག་བསྟར་ནན་མོ་བྱེད་དགོས་པ་དང་། དེ་ནས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁར་གནོན་ཤུགས་བྱིན་ནས། ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་ལག་བསྟར་བྱེད་པར་སྐུལ་མ་གཏོང་དགོས་ཟེར།

པུའུ་ལཱ་ཁི་ཡིས་བསྟན་དོན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་དེ་ཡོ་རོབ་གླིང་མནའ་འབྲེལ་དང་དབྱི་ལིང་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་བ་དང་། པུ་ལི་ཧྲི་ཡིས་གང་ནུས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་གྲོས་མཐུན་དེར་སྲུང་སྐྱོབ་བྱེད་པར་ཡར་སྐུལ་གཏོང་ངེས་ཡིན་ཟེར།

ཉིས་སྟོང་བཅོ་ལྔ་ལོའི་ཟླ་བདུན་པར། དབྱི་ལིང་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ཀྱི་གྲོས་མཐུན་བཀོད། གྲོས་མཐུན་ལྟར་ན། དབྱི་ལིང་གིས་ཉིང་རྡུལ་ནུས་པའི་འཆར་གཞིར་ཚོད་འཛིན་བྱེད་རྒྱུ་ཁས་ལེན་བྱས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་རྒྱུ་ཁས་ལེན་བྱས། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་ལིང་གིས་གྲོས་མཐུན་ལག་བསྟར་བྱས་པའི་གནས་ཚུལ་ལ་ལྟ་རྟོག་བྱེད་པའི་འགན་ཁུར་ཡོད།

ད་ལོའི་ཟླ་དང་པོར་ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁའི་ཙུང་ཐུང་གི་འགན་ཁུར་བའི་ཚུན་ལ། ཨ་མེ་རི་ཁའི་སྲིད་གཞུང་གིས་དབྱི་ལིང་གིས་འཕུར་མདའ་གསར་སྤེལ་བྱེད་པ་རྒྱུ་མཚན་དུ་བྱས་ཏེ་དབྱི་ལིང་ལ་རྒྱུན་ཆད་མེད་པར་གནོན་ཤུགས་བྱིན་པ་དང་། བཀག་སྡོམ་བྱེད་ཐབས་མང་དུ་བཏོན། ཐི་ལིང་ཕུའུ་ཡིས་ད་རུང་གྲོས་མཐུན་དེ་ལས་ཕྱིར་འབུད་པའམ་ཡང་ན་གྲོས་མཐུན་དེ་རྩིས་མེད་དུ་བཏང་སྟེ་ཡང་བསྐྱར་གྲོས་མོལ་བྱེད་དགོས་པའི་ཚུལ་བསྟན།

དབྱི་ལིང་གིས་ཐེངས་མང་བོར་འབྲེལ་ཡོད་གྲོས་མཐུན་ཐད་ནས་ཡང་བསྐྱར་གྲོས་མོལ་བྱེད་མི་སྲིད་པ་ནན་བཤད་བྱས་པ་དང་། ཨ་མེ་རི་ཁའི་བྱ་སྤྱོད་དག་འབྲེལ་ཡོད་གྲོས་མཐུན་དང་འགལ་ཡོད་པའི་སྐྱོན་འཛུགས་བྱས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།