ཀྲུང་གོ་བོད་ཀྱི་དྲ་བ།

ཧཱ་སག་སི་ཐན་གྱི་ཙུང་ཐུང་ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ཡིས་ཝུའུ་ཙི་པེ་ཁི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧཱ་སག་སི་ཐན་གྱི་ཙུང་ཐུང་ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ཚེས་བཅུ་དྲུག་ཉིན་ཝུའུ་ཙི་པེ་ཁི་སི་ཐན་གྱི་རྒྱལ་ས་ཐཱ་ཧྲི་ཀན་དུ་འབྱོར་ནས་རྒྱལ་དོན་འཚམས་འདྲི་བྱེད་མགོ་བརྩམས།

བསྒྲགས་པ་ལྟར་ན། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་གནམ་གྲུ་ཐང་དུ་སོང་ནས་བསུ་བ་ཞུས། ཉིན་རིམ་བཀོད་སྒྲིག་ལྟར་ན། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཧཱ་སག་སི་ཐན་དང་ཝུའུ་ཙི་པེ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ནས་གྲོས་མོལ་བྱེད་རྒྱུ་རེད།

རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་མཉམ་འབྲེལ་གསལ་སྒྲོག་སྤེལ་བར་མ་ཟད། ཧཱ་སག་སི་ཐན་དང་ཝུའུ་ཙི་པེ་ཁི་སི་ཐན་སྲིད་གཞུང་བར་གྱི་ཆུ་བེད་མཉམ་ལས་ལམ་ཐིག་འཆར་ཟིན་དང་། ཧཱ་སག་སི་ཐན་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་མཐའ་མཚམས་བདེ་འཇགས་ཞིབ་བཤེར་ས་ཚིགས། གཞུང་ལམ་གྱི་སླར་གསོ་བྱེད་པའི་ལམ་ཐིག་འཆར་ཟིན། ཧཱ་སག་སི་ཐན་དང་ཝུའུ་ཙི་པེ་ཁི་སི་ཐན་སྲིད་གཞུང་བར་གྱི་དམག་དོན་བཟོ་ལས་མཉམ་ལས་ཀྱི་གྲོས་མཐུན། ཧཱ་སག་སི་ཐན་དང་ཝུའུ་ཙི་པེ་ཁི་སི་ཐན་རྒྱལ་ཁབ་ཀྱི་ལྕགས་ལམ་ཀུང་ཟིའི་བར་གྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་སོགས་ཡིག་ཆ་བཀོད་པ་བདེན་དཔང་བྱས།

ཐེངས་འདིའི་འཚམས་འདྲིའི་ནང་དོན་གཙོ་བོ་ཞིག་ཡིན་པའི་ཆ་ནས། ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་གཉིས་ཀྱིས་མཉམ་དུ་ཧཱ་སག་སི་ཐན་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་མཉམ་ལས་དུས་རིམ་གསར་བའི་བཟོ་ལས་འགྲེམ་སྟོན་ཚོགས་འདུར་བལྟས་པ་རེད། འགྲེམ་སྟོན་ཚོགས་འདུར་ཧཱ་སག་སི་ཐན་དང་ཝུའུ་ཙི་པེ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཆེ་གྲས་ལྔ་བཅུ་ལྷག་གི་འབྲེལ་ཡོད་ཐོན་རྫས་འགྲེམ་སྟོན་བྱས་ཡོད་ཅིང་། དམག་དོན་བཟོ་ལས་དང་། མཁའ་འགྲུལ། སྨན་རྫས། འཁལ་འཐག བཟོ་སྐྲུན། རླངས་འཁོར་སོགས་ཁྱབ་ཁོངས་ལ་འབྲེལ་ཡོད།

ཉིན་དེར་ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ཡིས་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡི་འགྲོ་རོགས་འོག་ཝུའུ་ཙི་པེ་ཁི་སི་ཐན་གྱི་རང་བཙན་དང་མི་ཆོས་རིང་ལུགས་ཀྱི་རྗེས་དྲན་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ་བ་དང་། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་ཐོག་མ་ཁཱ་ལི་མའོ་ཧྥུའུ་ཡི་རྡོ་སྐུ་ལ་མེ་ཏོག་ཕུལ།

མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་ད་རུང་ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ལ་མེས་རྒྱལ་དང་མི་དམངས་ཀྱི་གཟི་བརྗིད་ཅེས་པའི་བྱས་རྗེས་རྟགས་མ་བྱིན་ནས། ཁོས་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་པ་དང་། ཧཱ་སག་སི་ཐན་དང་ཝུའུ་ཙི་པེ་ཁི་སི་ཐན་རྒྱལ་ཁབ་ཀྱི་མཉམ་ལས་འབྲེལ་བའི་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་པར་གཟེངས་བསྟོད་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།