ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་སྲིད་གཞུང་དམག་དཔུང་གིས་ནུབ་ཕྱོགས་ས་ཁུལ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་གཙང་ཕྱགས་བྱེད་པའི་འགུལ་སྐྱོད་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་དམག་ཕྱོགས་ཀྱིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཉིན་དེར་ཨན་པཱ་ཨར་ཞིང་ཆེན་ནུབ་ཕྱོགས་ཀྱི་བྱེ་ཁུལ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གཙང་ཕྱགས་བྱེད་པའི་འགུལ་སྐྱོད་སྤེལ། དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་ཉིན་དེར་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། དབྱི་རག་གི་སྲིད་གཞུང་དམག་དཔུང་དང་དམངས་དམག་དྲག་ཆས་པ། མཐའ་སྲུང་དམག་དཔུང་བཅས་ཀྱིས་ཚེས་བཅུ་དྲུག་ཉིན་ཨན་པཱ་ཨར་ཞིང་ཆེན་ནུབ་ཕྱོགས་མཐའ་མཚམས་ས་ཁུལ་དུ་བསྐྱོད་ནས། སི་རི་ཡཱའི་མཐའ་མཚམས་ས་ཁུལ་དུ་ཉེ་བའི་ཨ་ཁཱ་ཧྲ་ཐི་ས་ཁུལ་ཕྱིར་འཕྲོག་ལེན་བྱེད་པ་དང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཚོད་འཛིན་བྱེད་པའི་ཅཱ་དབྱེ་མུའུ་གྲོང་རྡལ་གྱི་རྒྱུ་ལམ་ཤར་གཏོང་བྱེད་པའི་མགོ་བརྩམས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་རག་མཁའ་དམག་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཚོད་འཛིན་བྱེད་པའི་ཨ་ཁཱ་ཧྲ་ཐི་ས་ཁུལ་དང་ཅཱ་དབྱེ་མུའུ། ལཱ་བོ། ཨ་ནེ་བཅས་མཁར་གྲོང་གསུམ་ལ་བསྒྲགས་ཡིག་མང་དུ་གཏོར་ནས། ས་དེའི་མང་ཚོགས་རྣམས་མྱུར་དུ་བཅིངས་འགྲོལ་གཏོང་ཐུབ་པར་བརྗོད་པ་དང་། ཞོར་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པ་དག་གིས་མགོ་སྒུར་དགོས་པའི་རེ་བ་བཏོན། ཨ་ཁཱ་ཧྲ་ཐི་ས་ཁུལ་ཕྱིར་འཕྲོག་ལེན་བྱས་རྗེས། དབྱི་རག་སྲིད་གཞུང་དམག་དཔུང་གིས་ཅཱ་དབྱེ་མུའུ་སོགས་མཁར་གྲོང་གཞན་པ་གསུམ་པ་ཕྱིར་འཕྲོག་ལེན་བྱེད་པའི་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་རེད། སྲིད་གཞུང་དམག་དཔུང་གིས་ཆེད་དོན་རྒྱང་སྒྲོག་བཙུགས་ནས་ས་དེའི་མང་ཚོགས་ལ་གནས་ཚུལ་དང་མཛུབ་སྟོན་གསར་བ་དྲིལ་སྒྲོག་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།