ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་འཇར་པན། ཧན་གོ་བཅས་ཀྱི་མགོ་གཙོས་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན། ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་སོགས་མགོ་ཁྲིད་པ་ཚེས་བདུན་ཉིན་ཧྥུའུ་ལཱ་ཏིས་བོ་སི་ཐའོ་ཁི་ནས་ཨུ་རུ་སིའི་ཕྱོགས་ཀྱིས་སྤེལ་བའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ལ་ཞུགས། གླེང་སྟེགས་ལ་ཞུགས་པ་ལས་གཞན་ཨུ་རུ་སི་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་གྲོས་མོལ་བྱས། ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་དང་མངའ་ཁོངས་གནད་དོན། ཨུ་རུ་སིའི་ཡོན་ཏུང་ས་ཁུལ་གྱི་གསར་སྤེལ་སོགས་གྲོས་གཞིར་གྲོས་བསྡུར་བྱས།

གླེང་སྟེགས་དེ་ཚེས་དྲུག་ཉིན་སྤེལ་མགོ་བརྩམས་པ་དང་། ཕུའུ་ཅིན་གྱིས་ཐོག་མར་ཝུན་ཙེ་ཡུན་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་མཉམ་དུ་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་འཕུར་མདའི་ཚོད་ལྟ་བྱས་པར་རྒོལ་གཏམ་བཏང་བ་དང་། ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་དགོས་པའི་ཚུལ་བསྟན། ཝུན་ཙེ་ཡུན་གྱིས་ཚེས་བདུན་ཉིན་གླེང་སྟེགས་སྐབས་སུ་ཁྲའོ་ཞན་ཕྱེད་གླིང་དུ་འཐབ་འཁྲུག་འབྱུང་མི་སྲིད་པ་ཁོ་ཐག་རེད་ཟེར།

ཨན་པའེ་ཅིན་སན་གྱིས་ཚེས་བདུན་ཉིན་གྱི་ཞོགས་པར་ཝུན་ཙེ་ཡུན་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཁྲའོ་ཞན་ལ་དམིགས་པའི་བཀག་སྡོམ་གྲོས་ཆོད་ནན་མོར་གྲོས་མཐུན་འགོད་པར་སྐུལ་འདེད་གཏོང་བར་འཐད་པ་བྱུང་། ཨན་པའེ་ཅིན་སན་གྱིས་ཉིན་དེའི་དགོང་མོར་ཕུའུ་ཅིན་དང་གྲོས་མོལ་བྱས། ས་ཁུལ་གྱི་འགྲན་རྩོད་ནི་ཕྱོགས་གཉིས་ཀྱི་གྲོས་གཞི་གཙོ་བོ་ཡིན་པ་རེད།

ཝུན་ཙེ་ཡུན་དང་ཨན་པའེ་ཅིན་སན་གཉིས་ཀྱིས་བཏོན་པའི་ཁྲའོ་ཞན་གྱི་བཀག་སྡོམ་ཤུགས་ཚད་ཇེ་ཆེར་གཏོང་བའི་སྐོར་གྱི་གྲོས་གཞིའི་ཐད་ནས་ཕུའུ་ཅིན་གྱིས་བསྟན་དོན། བཀག་སྡོམ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་ཐབས་མེད་ཟེར། ཕྱོགས་སོ་སོས་རང་ཚོད་བཟུང་ནས་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་པ་ནན་བཤད་བྱས་པར་མ་ཟད། ཧན་གོ་དང་འཇར་པན་གྱི་མགོ་ཁྲིད་པས་ཀྲུང་གོ་དང་ཨུ་རུ་སིས་བཏོན་པའི་ལམ་ཐིག་འཆར་ཟིན་ལ་རྒྱུས་ལོན་ཞིབ་ཏུ་བྱས་ནས། གྲོས་མོལ་ལ་བརྟེན་ནས་ཕྱེད་གླིང་གི་གནད་དོན་ཐག་གཅོད་བྱེད་དགོས་ཟེར།

ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ཀྱི་དམིགས་ཡུལ་ནི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཡར་སྐུལ་གཏོང་བའི་ཆེད་དུ་ཡིན་ཡང་། རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པའི་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་གླེང་གཞི་གལ་ཆེན་ཐད་ནས་གྲོས་མོལ་ཡང་ཡང་བྱས་པས། ས་ཁུལ་གྱི་བདེ་འཇགས་གནད་དོན་དེས་དཔལ་འབྱོར་གྲོས་གཞིའི་ཚབ་བྱས་པ་རེད།

ས་ཁུལ་གྱི་བདེ་འཇགས་གནད་དོན་ལས་གཞན་ཧན་གོ་དང་འཇར་པན། ཨུ་རུ་སི་བཅས་ཕན་ཚུན་བར་གྱི་མཐའ་མཚམས་གནད་དོན་ལ་གྲོས་བསྡུར་བྱས། ཨན་པའེ་ཅིན་སན་གྱིས་ཐེངས་འདིའི་འཚམས་འདྲི་བརྒྱུད་དེ་སྔར་ལས་ལྷག་པའི་སྒོ་ནས་ཨུ་རུ་སིའི་བར་གྱི་མངའ་ཁོངས་རྩོད་གླེང་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་པ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།