ཀྲུང་གོ་བོད་ཀྱི་དྲ་བ།

ཨན་པའེ་ཅིན་སན་གྱིས་འཇར་པན་གྱིས་ཨུ་རུ་སིའི་བར་ཞི་བདེའི་ཆིངས་ཡིག་འགོད་པའི་ཆོད་སེམས་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་བདུན་ཉིན་ཨུ་རུ་སིའི་ཧྥུའུ་ལཱ་ཏིས་བོ་སི་ཐའོ་ཁི་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་བྱས་རྗེས་བཤད་རྒྱུར། འཇར་པན་གྱིས་ཨུ་རུ་སིའི་བར་ཞི་བདེའི་ཆིངས་ཡིག་འགོད་པའི་ཆོད་སེམས་ཡོད་ཟེར།

ཨན་པའེ་ཅིན་སན་ཉིན་དེའི་ཕྱི་དྲོར་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་དང་། དེའི་རྗེས་སུ་ཕུའུ་ཅིན་དང་གྲོས་མོལ་བྱས།

ཨན་པའེ་ཅིན་སན་གྱིས་གྲོས་མོལ་མཇུག་སྒྲིལ་རྗེས་བསྟན་དོན། ཕུའུ་ཅིན་གྱིས་དེའི་སྔོན་འཇར་པན་དུ་འཚམས་འདྲི་བྱེད་སྐབས་བཤད་པ་ནང་བཞིན། ཨུ་རུ་སི་དང་འཇར་པན་གྱི་འབྲེལ་བའི་ཆེས་གལ་ཆེ་བ་ནི་ཞི་བདེའི་ཆིངས་ཡིག་འགོད་རྒྱུ་དེ་ཡིན་ཟེར། ཐེངས་འདིར་ང་དང་ཕུའུ་ཅིན་གྱིས་ཞི་བདེའི་ཆིངས་ཡིག་འགོད་རྒྱུའི་ཆོད་སེམས་ཡོད་ཟེར། ཕྱོགས་གཉིས་ཀྱིས་ཟླ་བཅུ་གཅིག་པར་ཡོ་ནན་དུ་སོང་ནས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ལ་ཞུགས་སྐབས་ཡང་བསྐྱར་གྲོས་མོལ་བྱེད་རྒྱུའི་དུས་ཆད་བྱས་ཡོད་ཟེར།

ཨན་པའེ་ཅིན་སན་གྱིས་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་སྟེང་བཤད་རྒྱུར། འཇར་པན་དང་ཨུ་རུ་སིའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཆེད་དུ། ཕྱོགས་གཉིས་ཀྱིས་ཞི་བདེའི་ཆིངས་ཡིག་བཀོད་དེ། ཕྱོགས་གཉིས་ཀྱི་འབྲེལ་བའི་ཁྲོད་ཀྱི་རྒྱུན་ལྡན་མིན་པའི་གནས་ཚུལ་རེ་འགའ་ཐག་གཅོད་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།