ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ནས་ཁྲའོ་ཞན་གྱིས་འཕུར་མདའི་ཚོད་ལྟ་བྱས་པར་རྒོལ་གཏམ་དྲག་པོ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་གསུམ་ཉིན་ཁྲའོ་ཞན་གྱིས་གླིང་ཆེན་བར་གྱི་ཉིང་རྡུལ་འཕུར་མདའི་ཚོད་ལྟ་བྱས་པའི་ཐད་ནས་གསལ་སྒྲོག་སྤེལ་ཏེ། དོན་དེར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པར་མ་ཟད་དེར་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་ཟེར།

གསལ་སྒྲོག་ལས་བསྟན་དོན། དེ་ལས་ཕེན་རང་གིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རེ་བ་སྣང་མེད་དུ་བསྐྱུར་བ་མཚོན་ཡོད་ལ། བྱ་སྤྱོད་དེར་རྒོལ་གཏམ་དྲག་པོ་གཏོང་འོས་ཟེར།

ཨུ་རུ་སིའི་ཕྱོགས་ཀྱིས་ཁྲའོ་ཞན་གྱི་མགོ་ཁྲིད་རིམ་པས་འཛམ་གླིང་ཡོངས་ཀྱི་ཉིང་རྡུལ་ནུས་པ་རྒྱ་ཡན་དུ་མི་གཏོང་བའི་རྐྱེན་སྲོལ་ལ་གཏོར་བརླག་བཏང་བར་ཡིད་འཕང་བའི་ཚུལ་བསྟན་པ་དང་། དེས་ཁྲའོ་ཞན་ཕྱེད་གླིང་དང་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་འཇིགས་ཉེན་ཚབས་ཆེན་བཟོས་ཡོད་པར་འདོད། དེ་མིན་དོན་རྐྱེན་དེ་ལས་ཁྲའོ་ཞན་རང་ཉིད་ལའང་ཧ་ཅང་ཚབས་ཆེ་མཇུག་འབྲས་འབྱུང་ངེས་རེད་ཟེར།

ཨུ་རུ་སི་ཡིས་བལྟས་ན། མིག་སྔའི་གནས་བབ་མདུན་ནས་ཕྱོགས་སོ་སོས་ངེས་པར་དུ་རང་ཚོད་འཛིན་དགོས་པ་དང་། གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་བྱེད་པའི་བྱ་སྤྱོད་བསྐྱུར་དགོས་པར་འདོད།

ཨུ་རུ་སི་ཡིས་འབྲེལ་ཡོད་ཕྱོགས་སོ་སོས་མྱུར་མོར་གྲོས་མོལ་སླར་གསོ་བྱེད་པ་ནི་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་ནུས་པའི་གནད་དོན་དང་བཅས་པའི་གནད་དོན་ཚང་མ་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་ཟེར། ཨུ་རུ་སི་ཡིས་དོན་དེའི་ཐད་ནས་ཕྱོགས་སོ་སོའི་བར་འབད་བརྩོན་བྱེད་རྩིས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།