ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་སོ་ཏི་ཨ་རབ་ཀྱིས་ཕན་ཚུན་བར་ཕྱི་འབྲེལ་ཚོགས་པ་འཚམས་འདྲི་བྱེད་དུ་མངག་རྒྱུ་ཡིན་པ་བདེན་དཔང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་དང་སོ་ཏི་ཨ་རབ་རྒྱལ་ཁབ་གཉིས་ཀྱིས་སོ་སོར་ཕྱི་འབྲེལ་ཚོགས་པ་འཚམས་འདྲིར་མངག་རྒྱུ་ཡིན་པ་བདེན་དཔང་བྱས་པ་དང་། ཐེངས་འདིར་འཚམས་འདྲི་བྱེད་སྐབས་རྒྱལ་ཁབ་རང་རང་གི་སྔོན་ཆད་ཀྱི་གཞུང་ཚབ་ཁང་ཡོད་སར་མ་གཏོགས་འཚམས་འདྲི་བྱེད་རྒྱུ་མ་རེད།

དེ་ནི་དབྱི་ལིང་དང་སོ་ཏི་ཨ་རབ་རྒྱལ་ཁབ་གཉིས་ཀྱིས་ཉིས་སྟོང་བཅུ་དྲུག་ལོའི་ཟླ་དང་པོར་ཕྱི་ཕྱོགས་འབྲེལ་ཐག་བཅད་པའི་ཚུན་གྱི་ཕྱི་འབྲེལ་འཚམས་འདྲིའི་བྱ་འགུལ་ཐོག་མ་རེད།

དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཁཱ་ཞི་མུས་ཀྱིས་བཤད་རྒྱུར། ཐེངས་འདིའི་འཚམས་འདྲི་ནི་དབྱི་ལིང་དང་སོ་ཏི་ཨ་རབ་བར་གྱི་ཕྱོགས་གཉིས་གྲོས་མཐུན་གྱི་ཁག་ཅིག་ཡིན་ཟེར།

ཁཱ་ཞི་མུས་ཀྱིས་བཤད་རྒྱུར། དབྱི་ལིང་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཀྱི་འཐུས་ཚབ་ཚོགས་པར་ལམ་ཡིག་བྱིན་ཡང་། རྒྱུ་རྐྱེན་གང་རུང་དབང་གིས་ཁོ་ཚོ་ད་རུང་ལམ་དུ་ཆས་མེད་ལ། ཚོད་དཔག་བྱས་པ་ལྟར་ན་ཅཱ་མེད་ཀྱི་མཇལ་ཕྱག་བྱ་འགུལ་མཇུག་རྫོགས་རྗེས་ད་གཟོད་ལམ་དུ་ཆས་ངེས་རེད་ཟེར། ད་ལོའི་ཅཱ་མེད་ཀྱི་མཇལ་ཕྱག་བྱ་འགུལ་ནི་ཟླ་དགུ་བའི་ཚེས་བཞིའི་ཉིན་མཇུག་སྒྲིལ་རྒྱུ་རེད།

ཉིས་སྟོང་བཅུ་དྲུག་ལོའི་ཟླ་དང་པོའི་ཚེས་གཉིས་ཉིན། སོ་ཏི་ཨ་རབ་ཀྱིས་འཇིགས་སྐུལ་རིང་ལུགས་ཀྱི་བྱ་འགུལ་ལ་འབྲེལ་བ་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་བཙོན་མ་ཞེ་བདུན་ལ་སྲོག་ཁྲིམས་བཅད་པ་དང་། དེའི་ནང་མིང་དུ་གྲགས་པའི་ཧྲི་ཡེ་ཕྱོགས་ཁག་གི་ཆོས་ལུགས་མི་སྣ་ནཱ་མུས་ཨར་ཡང་ཡོད་པས། དབྱི་ལིང་རྒྱལ་ནང་གི་ཧྲི་ཡེ་ཕྱོགས་ཁག་གི་མང་ཚོགས་ཀྱིས་ངོ་རྒོལ་དྲག་པོ་བྱས་པ་རེད། ཉིན་དེའི་དགོང་མོར་དབྱི་ལིང་གི་རྔམ་སྟོན་ཁྲོམ་སྐོར་མཁན་དག་གིས་དབྱི་ལིང་དུ་ཡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཁང་ལ་དཔུང་འཇུག་བྱས་པ་རེད། ཚེས་གསུམ་ཉིན་སོ་ཏི་ཨ་རབ་ཀྱིས་དབྱི་ལིང་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཁྱབ་སྒྲོག་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།