ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་ཕྱོགས་ཀྱིས་དབྱི་སི་རལ་གྱིས་ཡིའུ་ཐེ་བའི་གཏན་སྡོད་མཁན་གྱི་དོ་དམ་ཨུ་ཡོན་ལྷན་ཁང་འཛུགས་པའི་ཆོད་དོན་རྩིས་མེད་དུ་གཏོང་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཨེ་ལོས་ཁཱ་ཐི་ཡིས་ཚེས་གསུམ་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱེད་ཐབས་སྤྱད་ནས་དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཞི་པའོ་ལོན་གྲོང་ཁྱེར་དུ་ཡིའུ་ཐེ་བའི་གཏན་སྡོད་མཁན་གྱི་གྲོང་སྲིད་དོ་དམ་ཨུ་ཡོན་ལྷན་ཁང་འཛུགས་པའི་ཆོད་དོན་རྩིས་མེད་དུ་གཏོང་དུ་འཇུག་དགོས་པའི་འབོད་སྐུལ་བཏང་།

ཨེ་ལོས་ཁཱ་ཐི་ཡིས་དབུས་ཤར་གནད་དོན་གྱི་འབྲེལ་ཡོད་ཕྱོགས་བཞིས་དོན་དངོས་དང་བྱེ་བྲག་གི་བྱེད་ཐབས་སྤྱད་དེ། དབྱི་སི་རལ་ཕྱོགས་ཀྱིས་ཆོད་དོན་དེ་རྩིས་མེད་དུ་གཏོང་དུ་འཇུག་དགོས་པའི་སྐུལ་མ་བཏང་།

དབྱི་སི་རལ་དམག་ཕྱོགས་ཀྱིས་ཉེ་སྔོན་བཀའ་རྒྱ་བཀོད་དེ། ཞི་པའོ་ལོན་དུ་ཡིའུ་ཐེ་བའི་གཏན་སྡོད་མཁན་གྱི་སྒེར་ཚུགས་ཀྱི་གྲོང་སྲིད་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་ཏེ། གནས་དེར་འཚོ་བའི་ཡིའུ་ཐེ་བར་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་ཐག་བཅད། དེ་ལས་དབྱི་སི་རལ་ཕྱོགས་ཀྱིས་ཡིའུ་ཐེ་བའི་གཏན་སྡོད་མཁན་ལ་དབྱི་སི་རལ་དཔོན་ཕྱོགས་ཀྱིས་བདག་དམ་བྱེད་བཞིན་པ་མཚོན་ཡོད།

ཨེ་ལོས་ཁཱ་ཐི་ཡིས་བཤད་རྒྱུར། ཆོད་དོན་དེ་ནི་ཁྲིམས་འགལ་གྱི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་ལ་ཁྲིམས་མཐུན་གྱི་ཁེ་དབང་བསྩལ་བ་དང་། ཕཱ་ལེ་སི་ཐན་གྱི་བཙན་བཟུང་བྱས་པའི་མངའ་ཁོངས་སུ་ཡོད་པའི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་གྱི་བདག་དབང་ལ་ཁས་ལེན་བྱེད་པ་དང་གཅིག་འདྲ་ཡིན་ལ། བྱ་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་དང་མངོན་གསལ་གྱིས་འགལ་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།