ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་སྲིད་གཞུང་དམག་དཔུང་གིས་ཐེ་ལེ་ཨ་ཧྥེ་ཨར་ཕྱིར་འཕྲོག་ལེན་བྱེད་པའི་འཐབ་འཁྲུག་རྩོད་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སྟོང་གཉིས་ལྷག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་དམག་ཕྱོགས་ཀྱིས་ཚེས་གཉིས་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཐེ་ལེ་ཨ་ཧྥེ་ཨར་ཕྱིར་འཕྲོག་ལེན་བྱེད་པའི་དམག་དོན་འགུལ་སྐྱོད་སྤེལ་སྐབས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སྟོང་གཉིས་ལྷག་བསད་ཡོད་པ་དང་། སྲིད་གཞུང་དམག་གི་མི་སྣ་བརྒྱ་དང་བཅོ་ལྔས་རང་སྲོག་བློས་བཏང་ཡོད་ཟེར།

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡི་དམག་དཔོན་ཡཱ་ལཱ་ལཱ་ཡིས་ཚེས་གཉིས་ཉིན་འཐབ་འཁྲུག་རྗེས་ཀྱི་བསྡུས་བརྗོད་སྙན་ཞུ་སྤེལ་བའི་ནང་བཤད་རྒྱུར། སྲིད་གཞུང་དམག་གིས་མཁའ་དམག་དང་རྒྱལ་སྤྱིའི་འཇིགས་སྐུལ་ངོ་རྒོལ་མནའ་འབྲེལ་གྱི་འཐབ་འཛིང་གནམ་གྲུའི་རྒྱབ་སྐྱོར་འོག ཟླ་བརྒྱད་པའི་ཚེས་ཉི་ཤུའི་ཉིན་དམག་མི་ཁྲི་བཞི་ལྷག་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དབྱི་རག་བྱང་ཕྱོགས་ཀྱི་སྡོད་གནས་གཙོ་བོ་ཐེ་ལེ་ཨ་ཧྥེ་ཨར་ཕྱིར་འཕྲོག་ལེན་བྱེད་པའི་དཔུང་འཇུག་བྱེད་མགོ་བརྩམས། ཉིན་བཅུ་གཉིས་ཀྱི་འཐབ་འཁྲུག་ཁྲོད་དུ་བསྡོམས་པས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སྟོང་གཉིས་ལྷག་བསད། དེ་ལས་གཞན་སྲིད་གཞུང་དམག་དཔུང་གིས་ད་རུང་ས་འོག་ཕུག་ལམ་རེ་དྲུག་གཏོར་བ་དང་། འགད་རྫས་ཀྱི་བཟོ་གྲྭ་བཅུ་གསུམ་རྙེད་པར་མ་ཟད། མཚོན་ཆ་མང་བོ་གཞུང་བཞེས་བྱས་ཡོད་ཟེར།

ཡཱ་ལཱ་ལཱ་ཡིས་སྙན་ཞུའི་ནང་བཤད་རྒྱུར། ཉིན་བཅུ་གཉིས་ཀྱི་འཐབ་འཁྲུག་ཁྲོད་དུ་སྲིད་གཞུང་དམག་དཔུང་གི་མི་སྣ་བརྒྱ་དང་བཅོ་ལྔས་རང་སྲོག་བློས་བཏང་བ་དང་། གཞན་ཡང་མི་དྲུག་བརྒྱ་དང་དོན་དགུར་རྨས་ཕོག འཐབ་འཁྲུག་གྲ་སྒྲིག་དང་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད། སྲིད་གཞུང་དམག་དཔུང་གིས་ཐེ་ལེ་ཨ་ཧྥེ་ཨར་ནས་མི་སེར་དཀྱུས་མ་ཁྲི་བཞི་དང་སྟོང་གཅིག་ཙམ་བདེ་འཇགས་ས་ཁུལ་དུ་བསྐྱལ་ཡོད་ཟེར།

དབྱི་རག་སྲིད་གཞུང་དམག་དཔུང་གིས་ཟླ་བརྒྱད་པའི་ཚེས་ཉི་ཤུའི་ཉིན་ནས་བཟུང་ཐེ་ལེ་ཨ་ཧྥེ་ཨར་ཕྱིར་འཕྲོག་ལེན་བྱེད་པའི་དམག་དོན་འགུལ་སྐྱོད་སྤེལ་བ་རེད། དབྱི་རག་གི་ཙུང་ལི་ཨ་པཱ་ཏིས་ཀྱིས་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་སྲིད་གཞུང་དམག་དཔུང་གིས་ཉིན་དེར་ཐེ་ལེ་ཨ་ཧྥེ་ཨར་ཕྱིར་འཕྲོག་ལེན་བྱས་ཏེ་བྱང་ཕྱོགས་ས་ཁུལ་གྱི་ནེ་ནེ་ཝེ་ཞིང་ཆེན་ཧྲིལ་བོ་བཅིངས་འགྲོལ་བཏང་བ་ཁྱབ་སྒྲོག་བྱས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།