ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་དམག་དཔུང་གི་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས་ཏེ་མི་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཤར་ལྷོའི་ཕྱོགས་ཀྱི་ཏིས་ཡཱ་པཱ་ཁི་ཨར་ཞིང་ཆེན་ནས་ཟླ་བརྒྱད་པའི་ཚེས་ཉེར་དགུའི་ཉིན་དམག་བཀོལ་འཁྲབ་ལྡན་འཁོར་ལོར་དམིགས་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། དམག་མི་གཉིས་རྐྱེན་ལམ་དུ་ཤོར།

བསྒྲགས་པ་ལྟར་ན། ཉིན་དེའི་ཉིན་གུང་དམག་བཀོལ་འཁྲབ་ལྡན་འཁོར་ལོ་གཉིས་ཏིས་ཡཱ་པཱ་ཁི་ཨར་ནས་པཱ་ཐི་མན་དུ་འགྲོ་སའི་མྱུར་བགྲོད་གཞུང་ལམ་སྟེང་བགྲོད་སྐབས། འཇབ་རྒོལ་མཁན་གྱིས་སྔོན་ནས་ལམ་འགྲམ་དུ་སྦས་ཡོད་པའི་འགད་རྫས་འགས་གཏོང་བཏང་བ་རེད། ཉེན་རྟོག་ཕྱོགས་ཀྱིས་བལྟས་ན་འཇབ་རྒོལ་དོན་རྐྱེན་དེ་ནི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་ཉེས་ཅན་གྱིས་བཟོས་པ་ཡིན་པ་རེད།

བརྙན་རིས་ལས་མངོན་པ་ལྟར་ན། འགས་གཏོར་དོན་རྐྱེན་དེ་ལས་འཁྲབ་ལྡན་འཁོར་ལོའི་ལྷུ་ལག་ཚང་མ་གང་སར་ལྷུང་ཡོད་པ་དང་། ལམ་ངོས་ལའང་གཏོར་བརླག་ཚབས་ཆེན་ཐེབས་ཡོད།

ཁུའུ་ཨར་ཏི་བཟོ་བའི་ཏང་ནི་གཅིག་སྟོང་དགུ་བརྒྱ་དོན་དགུའི་ལོ་བཙུགས་པ་དང་། དེའི་དམིགས་ཡུལ་ནི་དྲག་ཤུགས་ལ་བརྟེན་ནས་ཐུར་ཁེ་དང་དབྱི་རག དབྱི་ལིང་། སི་རི་ཡཱ་བཅས་ཀྱི་འབྲེལ་མཚམས་ས་ཁུལ་དུ་ཡོད་པའི་ཁུའུ་ཨར་ཏིའི་མི་འདུས་སྡོད་བྱེད་སར་སྒེར་ཚུགས་ཀྱི་རྒྱལ་ཁབ་འཛུགས་རྒྱུ་དེ་རེད། ཐུར་ཁེ་དང་ཨ་མེ་རི་ཁ། ཡོ་རོབ་གླིང་མནའ་འབྲེལ་བཅས་ཀྱིས་དེ་འཇིགས་སྐུལ་རྩ་འཛུགས་སུ་ཐག་བཅད་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།