ཀྲུང་གོ་བོད་ཀྱི་དྲ་བ།

ཉི་ཧོང་གིས་ཁོ་རེ་ཡ་བྱང་མས་འཕུར་མདེལ་ཞིག་འཕངས་ནས་ཉི་ཧོང་རྒྱལ་ཁབ་ཀྱི་མཁའ་དབྱིངས་ནས་འཕུར་བ་རེད་ཅེས་བརྗོད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ8ཚེས29ཉིན། ཉི་ཧོང་སྲིད་གཞུང་གིས་ཁོ་རེ་ཡ་བྱང་མས་ཉིན་དེར་འཕུར་མདེལ་ཞིག་འཕངས་ཤིང་། འཕུར་མདེལ་དེ་ཉི་ཧོང་རྒྱལ་ཁབ་ཀྱི་མཁའ་དབྱིངས་ནས་འཕུར་བ་རེད་ཅེས་བརྗོད་པ་རེད།

ཉི་ཧོང་གཞུང་དོན་ཁང་གི་འགོ་འཛིན་ཅན་དབྱི་ཝེ་ཡིས་གསར་འགོད་པའི་ཚོགས་འདུའི་ཐོག་འཕུར་མདེལ་དེ་ཉི་ཧོང་རྒྱལ་ཁབ་ཀྱི་མཁའ་དབྱིངས་ནས་འཕུར་བ་ངོས་འཛིན་བྱས་པ་དང་། འདི་ནི་ཉི་ཧོང་རྒྱལ་ཁབ་ཀྱི་བདེ་སྲུང་ལ་སྔར་བྱུང་མ་མྱོང་བའི་འཇིགས་སྐུལ་ཆེན་པོ་ཞིག་ཡིན་པས། ཉི་ཧོང་སྲིད་གཞུང་གིས་ཁོ་རེ་ཡ་བྱང་མས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལས་འགལ་བའི་བྱ་སྤྱོད་ལ་རྒོལ་གཏམ་གཏོང་རྒྱུ་ཡིན་པ་དང་། ཨ་རི་དང་ཁོ་རེ་ཡ་ལྷོ་མ་གཉིས་དང་མཉམ་ལས་བྱས་ནས་འབྲེལ་ཡོད་གསང་འཕྲིན་འཚོལ་སྡུད་ལས་དོན་གང་ཐུབ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

ཉི་ཧོང་རྒྱང་སྒྲོག་མཐུན་ཚོགས་ཀྱི་བརྙན་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། ཁོ་རེ་ཡ་བྱང་མས་ཕལ་ཆེར་ཉི་ཧོང་གི་ས་གནས་དེ་གའི་དུས་ཚོད་ཞོགས་པའི་ཆུ་ཚོད་5དང་སྐར་མ་58སྐབས། འཕུར་མདེལ་ཞིག་འཕངས་པ་དང་། འཕུར་མདེལ་དེ་ཆུ་ཚོད6དང་སྐར་མ6ཡས་མས་སུ་ཉི་ཧོང་རྒྱལ་ཁབ་པེ་ཧའེ་ཏའོ་ཡི་ཅིང་ཧྲང་ཅ་ས་ཁུལ་གྱི་མཁའ་དབྱིངས་ནས་འཕུར་བ་རེད།

གནས་འཕྲིན་གྱིས་ཉི་ཧོང་གི་དབུ་བཞུགས་བློན་ཆེན་ལས་ཤག་ཉེན་འགོག་དོ་དམ་ལྟེ་གནས་ཀྱི་ཆ་འཕྲིན་དྲངས་ནས་འཕུར་མདེལ་འདི་འཕུར་སྐྱོད་དུས་མཚམས་ཤིག་བྱས་རྗེས་ཁག་གསུམ་དུ་གྱེས་པ་དང་། ད་ལྟའི་རིགས་འདེད་བྱས་ན། ཆུ་ཚོད6དང་སྐར་མ12སྐབས་ཚང་མ་པེ་ཧའེ་ཏའོ་ཅིང་ཧྲང་ཅ་ས་ཁུལ་ཤར་ཕྱོགས་སྤྱི་ལེ1180ཡོད་སའི་ཞི་བདེ་རྒྱ་མཚོ་ཆེན་པོའི་མཚོ་ཁོངས་སུ་ལྷུངས་པ་རེད་ཅེས་བརྗོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།